རྒྱང་རིང་གི་ནུ་མོ་ལ་སྤྲིངས་་པའི་འཕྲིན་དམར་པོ།
ཉིན་མོ་དེ་ནས་བཟུང་འུ་གཉིས་རང་གི་ཕ་ཡུལ་དང་ནང་མི་ཡོངས་དང་ཁ་གྱེས་པ་རེད། ལོ་ངོ་འདི་ལྟར་རི་སྤྱང་དེད་པའི་ལུག་ཁྱུ་བཞིན་འདས་དེ་ཡོང་དུས། ཁྱེད་རང་ཡང་ན་ཆུང་གི་ལོ་ཚད་ནས་ན་གཞོན་གྱི་ཕྱོགས་སུ་འཚར་ལོངས་བྱུང་བཞིན་པའི་སྐབས་སུ་ཕུ་བོ་ང་རང་ལ་དམིགས་གསལ་གྱི་འགན་ཞིག་ཡོད་པ་ནི། ཕ་ཡུལ་ནས་ཡོང་ཁར་ངས་ཕ་མ་གཉིས་ལ་ཁས་ལེན་ཞིག་བྱས་ཡོད་པ་དེ་རེད། དེ་ནི་ངས་ཁྱེད་རང་གི་མི་ཚེ་ལ་དཀའ་ངང་མི་ཡོང་བ་ཞིག་བྱེད་རྒྱུའི་ཁས་བླངས་པ་ཡོད་པ་དེ་ཡིན། དེའི་སྟབས་ཀྱི་ད་ནི་ཁྱེད་རང་ཡང་ལོ་ན་ཧ་ཅང་ཆུང་བའི་བྱིས་པ་བསམ་མེད་དེ། ངའི་རྒྱབ་དུ་འཁུར་བ་དང་ལམ་ མོ་ལོ་བཅུ་དྲུག་ལ་སོན་པའི་ན་གཞོན་མ་ཞིག་དུ་གྱུར་ཡོད་པ་རེད། ཁྱེད་ཀྱིས་མི་ཚེ་ལ་དཀའ་ངལ་མི་ཡོང་བའི་ལམ་ཁ་ཞིག་བཟོ་བ་འུ་གཉིས་ལ་འགན་ཡོད་པ་ཡིན། དེ་ནི་ངས་ཁྱེད་རང་ལ་ཁ་བརྡ་སློབ་གསོ་བྱེད་པ་དང་དཔལ་འབྱོར་གྱི་མཐུན་རྐྱེན་སྤྲོད་རྒྱུ་དང་ཁྱེད་རང་ཕུ་བོ་བདག་གི་ཁ་བརྡ་སློབ་གསོ་ལ་ཉན་ནས་སློབ་གྲའི་སྐྱེད་ཚལ་གྱི་དུས་ཚོད་ཆེས་ཡག་ཤོས་དེ་ཆུད་ཟོས་སུ་མི་གཏོང་བ་བྱེད་རྒྱུ་དེ་ཡིན། རྒྱུ་མཚན་དེ་ལྟར་སོང་ན་ང་ཚོ་ནི་བོད་པ་ཡིན་ལ། བོད་མི་སྐྱབས་བཅོལ་བ་ཞིག་ཀྱང་ཡིན་སྟབས། དབྱིན་ཡིག་དང་སྐད་ཡིག་གཞན་སོགས་སྤྱང་བ་གལ་ཆེན་ཡིན་ན་ཡང་། རང་གི་ཡི་གེ་སྤྱོང་རྒྱུ་དེ་བས་ཀྱང་གལ་ཆེན་ཆགས་ཡོད་པ་ཡིན་ལ། རང་རིགས་ཀྱི་སྲུ་ཞུ་སྒྲུབ་པ་དང་
༧རྒྱལ་བ་རིན་པོ་ཆེ་ཚང་དང་བོད་གཞུང་གི་ལས་བྱེད་གནད་ཡོད་དག་གི་དཀའ་ལས་ཁྲི་ཕྲག་བརྒྱབ་པའི་གྲུབ་འབྲས་ལས་གྲུབ་པའི་སློབ་གྲ་དེ་དག་གི་ནང་དུ་རིན་མེད་དུ་ཟས་བཟའ་བ་དང་འཐུང་བ། རིན་མེད་དུ་བསྡོད་གནས་ཡོད་པ། རིན་མེད་དུ་སློབ་སྤྱོང་བྱེད་ཐུབ་པ་སོགས་ཀྱི་བཀའ་དྲིན་དེ་དག་ཁྱེད་ཉིད་མ་ཤི་བར་དུ་སེམས་གཏིང་ནས་བརྗེད་མི་རུང་། དེ་དག་གི་བཀའ་དྲིན་དང་ཕ་ཡུལ་དང་རྒྱང་རིང་དུ་ཡོང་བ་སོགས་ལ་བསམ་བློ་ཞིབ་དུ་བཏང་ནས། ཁྱེད་རང་གི་ཉིན་མ་རེའི་ནང་གི་དུས་ཚོད་ཀྱི་སྐར་ཆ་རེ་རེ་ནི་སྒོར་མོ་བྱིན་དེ་ཉོ་ཐུབ་མེད་པ་ཞིག་ཡིན་པ་སེམས་སུ་ངེས་པར་བྱོས་དེ་སློབ་སྤྱོང་ལ་འབད་བརྩོན་ལྷོད་མེད་དུ་བྱེད་དགོས་པ་ཡིན།
ད་དུང་། ཕུ་བོ་ང་རང་ཡང་ཁྱེད་དང་རྒྱང་ཐག་རིང་བས་ས་ནས་ལས་ཀ་འདྲ་མིན་སྣ་ཚོགས་ཤིག་ལ་རང་ཉིད་ཀྱི་འདོད་མོས་ཡོད་མེད་ལ་མ་བལྟས་པར་དཀའ་ལས་བརྒྱབ་པའི་སྒོར་མོ་ཁ་ཤས་རེ་བསགས་ནས་ཁྱེད་རང་གི་འགྲོ་སོང་ཐད་དུ་སེམས་འཁྲལ་བྱེད་ཀྱི་ཡོད་པ་འདི་ཡང་། ནུ་མོ་ཁྱེད་ཀྱིས་མ་འོངས་པའི་སློབ་གྲ་ཆེན་མོ་གང་ཞིག་གི་ཆེད་དུ་བསགས་བཞིན་པའི་འགྲོ་གྲོན་གྱི་ཆེད་དུ་ཡིན་པ་ལས་གཞན་ཕུ་བོ་ངས་དམིགས་ཡུལ་གཞན་གྱི་ཆེད་དུ་སྒོར་མོ་མང་བོ་ཞིག་བསགས་ཀྱང་མི་ཐུབ་ལ། དེ་དག་གི་ཆེད་དུ་སྒོར་མོ་མང་བོ་ཞིག་བསགས་ཐུབ་མིན་གྱི་རྨི་ལམ་ཡང་ང་རང་ལ་རྨིས་ཀྱི་མེད། གཙོ་བོ་ནི་ནུ་མོ་ཁྱེད་རང་གི་མ་འོངས་པ་རེ་བ་ཡོད་པ་ཆགས་ཉིན། བོད་ཀྱི་མ་འོངས་པའི་སོན་རྩ་ཞིག་ཕུ་བོ་ངས་བོད་པ་ཚང་ལ་བསྐྱེད་སྲུང་བྱས་པ་དང་ཁྱད་མེད་པ་ཡིན་ལ། ཁྱེད་རང་གི་མ་འོངས་པ་ཡང་དེ་ལས་ལྷག་པའི་བྱས་རྗེས་གང་ཡང་མེད་། དེ་དག་གི་ཆེད་དུ་ནུ་མོ་འབད་བརྩོན་བྱོས། ལོ་ཆུང་ཆུང་གི་དུས་ཚོད་གསེར་ཡིན། ཆེ་ས་ནས་བོད་དང་། འབྲིང་ས་ནས་ནང་མི། ཆུང་ས་ནས་འདི་དག་ཚང་མ་རང་དོན་དང་སྤྱི་དོན་གཉིས་ཀྱི་ལམ་ཁ་ཡིན། ཕུ་
བོ་བདག་གི་སྐད་ཆ་འདི་དག་སེམས་སུ་བཟུང་དེ་སློབ་སྤྱོང་ལ་འཐུས་ཤོར་མ་མཐོང་རོགས། བརྒྱུད་མྱོང་བའི་ཧི་མ་ལ་ཡའི་རི་བརྒྱུད་ནས་བྲོས་དེ་འོང་བས་ལམ་སྐབས་ཀྱི་དཀའ་ངལ་དེ་དག་ཡིད་དུ་དྲན་པར་གྱིས་དེ། རང་དབང་དང་ཐོབ་ཐང་མེད་པའི་བོད་པ་ཚང་དང་རང་གི་ཡུལ་མི་ཚོ་རྒྱའི་བཙན་འོག་ན་ཡོད་པ་སེམས་སུ་གཉར་ནས། ཤུ་རེ་བྱོས། ནུ་མོ་ལགས། མ་འོངས་བོད་ཀྱི་སོན་རྩ་གཅིག་ཁྱེད་རང་ཡིན།
༦།༠༢།༠༩