གྲྭ་པ་དགུ་བཙོན་འཇུག་དང་གཅིག་རང་ཤི།
འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལྷོ་ཁ་མི་མང་ཁྲིམས་ཞིབ་ཁང་ཟེར་བའི་ཁྲིམས་བཤེར་འོག་ལོ་སྔོན་མ་གསུམ་བཅུའི་དུས་དྲན་སྐབས་སུ་ངོ་རྒོལ་ལས་འགུལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག་ལྷོ་ཁ་ས་གནས་སུ་གྲྭ་པ་༩ ལ་བཙོན་འཇུག་གི་ཁྲིམས་ཆད་ལོ་གྲངས་༢ ནས་༡༥ བར་བཅད་ཡོད་པ་དང༌། དེའི་ནང་བསམ་ཡས་དགོན་དུ་དཔེ་ཁྲིད་གནང་བཞིན་ཡོད་པའི་གྲྭ་པ་གཅིག་རང་ཤི་བརྒྱབ་ཡོད་པ་རེད། ཁོང་གིས་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་རང་ཤི་བརྒྱབ་པ་ནི་ངོ་རྒོལ་གྱི་འོས་འགན་ཁྱེར་བ་ཞིག་ཡིན་ཞེས་བཀོད་ཡོད་འདུག དེ་མིན་གྲྭ་བསྟན་འཛིན་བུ་ཆུང་ལ་ཁྲིམས་ཆད་ལོ་༡༥ དང་བསྟན་འཛིན་བཟོད་པ་ལ་ལོ་༡༣། དགེ་ལེགས་དང༌། ངག་དབང་བསྟན་འཛིན་གཉིས་ལ་ལོ་༢ ཀྱི་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་རེད། བསམ་ཡས་དགོན་པ་ནས་ཡིན་པའི་གྲྭ་རྒྱལ་མཚན་ལ་ཁྲིམས་ཆད་ལོ་༡༥ དང་ཉི་མ་བཀྲིས་དང་ཕུན་ཚོགས་ལ་ལོ་༡༣ བསྟན་འཛིན་ཟླ་བ་དང་རིག་ལྡན་ལ་ལོ་༢ ཁྲིམས་ཆད་བཏང་ཡོད་པ་རེད། དེ་བཞིན་ལོ་སྔོན་མའི་གསུམ་བཅུའི་དུས་དྲན་ལ་ཁ་གཡར་ནས། བོད་མི་མང་པོ་གང་སར་བཙོན་འཇུག་བྱས་ཡོད་པ་རེད།།
