རྒྱ་ནག་གི་གསར་འགོད་པའི་ཐོ་གཞུང་ནག་པོ།
ཟླ་འདིའི་ཚེས་ ༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། གསར་འགོད་པ་སུ་ཞིག་གིས་རྒྱ་ནག་གཞུང་གི་གསར་འགོད་ཁྲིམས་ལུགས་དང་འགལ་བའི་གནས་ཚུལ་སྐྱེལ་ལེན་སོགས་བྱས་ན། གསར་འགོད་ཆེད་ལས་པ་གསར་འགོད་པའི་ཐོ་གཞུང་ནག་པོ་ཟེར་བ་ཞིག་བཟོས་ཡོད་པས། དེའི་ནང་ཐོ་འགོད་བྱ་རྒྱུ་ཡིན་པས་མ་ཚད་ལས་གནས་ནས་ཕྱིར་འབུད་ཀྱང་གཏོང་རྒྱུ་ཡིན་ཞེས། རྒྱ་ནག་དུས་བབ་དང་གསར་འགོད་སྤེལ་སྐྲུན་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིའི་ཌན་དོན་ཟེར་བས་བརྒྱུད་བསྒྲགས་བྱས་ཡོད་པ་རེད། ཡང་ཁོ་པས་རྒྱ་ནག་གི་གསར་འགོད་པ་དང་དུས་དེབ་རྩོམ་སྒྲིག་པ་སོགས་ལ་གསར་འགོད་ཀྱི་ཁྱད་ཆོས་ཚང་ཡོད་མེད། དབུས་གསར་འགོད་སྤྱི་ཁྱབ་བཀོད་འདོམ་པས་བསྐྱར་ཞིབ་བྱེད་གཏན་འཁེལ་ཡོད་ཅེས་དང༌། ཕྱི་རྒྱལ་གྱི་གསར་འགོད་པ་ཡིན་རུང་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་ཆོག་མཆན་གྱི་སྙན་ཞུ་ཕུལ་མེད་ན། གསར་འགོད་པའི་མིང་ཐོག་ནས་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ནང་ལས་ཀ་བྱེད་རྒྱུའི་ཐོབ་ཐང་མེད་ཅེས་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་པ་བྷོ་རོ་སིལ་ཟེར་བ་ཞིག་གིས་རྒྱ་ནག་གི་ཐོ་གཞུང་ནག་པོའི་སྐོར་བརྗོད་གསལ་ལ། རྒྱ་གཞུང་གིས་ག་དུས་ཡིན་ཡང་རང་དབང་ཅན་གྱི་གསར་འགོད་པ་དང་དེ་དག་གི་དཔྱད་བརྗོད་སོགས་རྫུན་གཏམ་རེད་ཟེར་ནས་བཀག་བསྡོམས་བྱེད་བཞིན་ཡོད་པ་དང༌། དེ་རིང་གི་སྒྲིག་གཞི་གསར་པ་འདིའང་གཙོ་བོར་དམིགས་ས་ནི་བོད་རང་བཙན་ཤོར་ནས་མི་ལོ་ ༥༠ དང༌། གནམ་སྡེ་སྒོ་མོའི་ཐང་ཆེན་དུ་ངོ་རྒོལ་གྱེན་ལངས་བྱས་ནས་མི་ལོ་ ༢༠ འཁོར་ཡོད་པས། ཞེད་སྣང་གིས་འཆར་འགོད་བྱས་པ་ཞིག་རེད་ཅེས་དང༌། ཡང་འཆར་འགོད་འདིས་ང་ཚོར་གནོན་ཤུགས་ག་ཚོད་སྤྲོད་མིན་བཤད་ཚོད་དཀའ་ནའང༌། གནད་དོན་འདི་ལ་དོ་སྣང་དང་བསམ་གཞིག་བྱེད་དགོས་ངེས་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་ནག་གིས་རྩེད་འགྲན་ཆེན་པོའི་སྐབས་སུ་རྩེད་མོ་ལམ་ལྷོང་དང་རྒྱལ་སྤྱིས་ལྟ་སྟངས་ཡག་པོ་ཡོང་ཆེད་དུ་གསར་འགོད་པར་རང་དབང་ཆེ་ཙམ་སྤྲད་ཁུལ་བྱས་ཡོད་ཀྱང༌། རྩེད་འགྲན་མཇུག་བསྡུས་མ་ཐག་ཨ་རིའི་དུས་བབ་དང་དབྱིན་ཇིའི་གསར་འགོད་མཐུན་ཚོགས། ཧོང་ཀོང་ཚགས་པར་སོགས་ཀྱི་དྲ་རྒྱ་ཡོངས་རྫོགས་བཀག་བསྡོམས་བྱས་ཡོད་པ་དང༌། ཕྱི་ལོ་ ༢༠༠༧ ནས་ད་ལྟའི་བར་གསར་འགོད་པ་ ༣༣༥ ཉེས་མིང་སྣ་ཚོགས་འོག་བཙོན་འཇུག་དང་བཀག་ཉར་འོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། གསར་འགོད་སྟངས་འཛིན་གྱི་བཀའ་རྒྱ་འདིའི་འོག་རྒྱ་ནག་ཏུ་ལྐོག་ཟ་རུལ་སུངས་དང་སྲིད་དོན་ཕྱོགས་ལྷུང་བ་ག་ཚོད་ཡོད་ཀྱང༌། གསར་འགོད་པ་ཚོ་བཙོན་འཇུག་དང་བཀག་ཉར་ལས་གནས་ནས་ཕྱིར་འབུད་བཏང་བ་སོགས་ལ་འཇིགས་ཏེ། གནས་ཚུལ་ཛ་དྲག་མང་པོ་ཞིག་ལ་གཡོལ་ཐབས་ཁོ་ན་བྱས་པ་ལས་གསར་འགོད་ཀྱི་ལས་ཀ་འཐུས་ཚང་ཞིག་བསྒྲུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།