ཨ་རིའི་རྒྱལ་དོན་དྲུང་ཆེའི་གཟིགས་སྐོར་ཐོག་མ།
འཛིན་སྐྱོང་གི་ངོས་ནས་ཀྱང་ག་དུས་ཡིན་ཡང་རྒྱལ་ཁབ་ཕན་ཚུན་གྱི་ནུས་ཤུགས་བརྗེ་རེས་བྱ་རྒྱུ་སོགས་ནི་ཧ་ཅང་གལ་ཆེན་དུ་བརྩི་བཞིན་ཡོད་ཅེས་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
ཉིང་ཧོང་གཞུང་གི་མགྲིན་ཚབ་པས་ཨ་རི་དང་ཉིང་ཧོང་གཉིས་ཀྱིས་གྲོས་བསྡུར་ལྷུག་པོས། ཕྱོགས་གཉིས་ཀའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཚོང་ལས་སོགས་གོང་འཕེལ་གཏོང་རྒྱུ་དང༌། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་དེའང་ཕྱོགས་གཉིས་ཀས་འབྲེལ་ལམ་དམ་པོ་འཛུགས་རྒྱུ་ཡིན་ཞེས་བརྒྱུད་བསྒྲགས་བྱས་ཡོད་པ་དང༌། ཕྱི་ལོ་༡༩༧༠ ནས་༡༩༨༠ བར་བྱང་ཀོ་རི་ཡའི་འཇབ་རྒོལ་དམག་དཔུང་སོགས་ཀྱིས། ཉིང་ཧོང་གི་མི་མང་བཙན་འཁྲིད་བྱས་པའི་ཁོངས་ནས་ཁྱིམ་ཚང་གཉིས་ལ་རྒྱལ་དོན་དྲུང་ཆེས་གཟིགས་རྟོགས་སོགས་ཚར་རྗེས། དེ་ནས་ཧིན་དྷུ་ནི་ཤེ་ཡ་དང་ལྷོ་ཀོ་རི་ཡ་དང༌། མཐར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་གཏན་ཁེལ་ཡོད་པ་རེད།
གསར་འགོད་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན་ཨ་རིའི་རྒྱལ་དོན་དྲུང་ཆེ་ལོ་སྔོན་མར་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་ཞུགས་སྐབས། དཔྱད་བརྗོད་སྤེལ་བའི་ནང་དུས་རབས་༢༡ པའི་ནང་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དམ་པོ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཚུལ་བརྗོད་ཡོད་པ་དང༌། ད་དུང་དྲུང་ཆེ་ཡི་བཟའ་ཟླ་བྷིལ་ཁི་ལིན་ཊོན་ཨ་རིའི་སྲིད་འཛིན་གནང་སྐབས་རྒྱ་ནག་དང་འབྲེལ་ལམ་ཧ་ཅང་བཟང་པོ་བཟུང་མྱོང་བ་དང༌། དཔལ་འབྱོར་དང་ཆབ་སྲིད་ཐད་རྒྱ་ནག་དང་བསྟུན་གང་ཐུབ་བྱས་པ་ཡོད་པ་རྣམས། དེ་རིང་སླར་ཡང་བསྐྱར་གསོ་བྱེད་སྲིད་པའི་བསམ་ཚུལ་ཤོད་མཁན་མང་པོ་བྱུང་ཡོད་པ་རེད། རྒྱལ་དོན་དྲུང་ཆེ་ཡིས་གསར་འགོད་པ་གཞན་ཞིག་ལ་དེ་རིང་གི་གཟིགས་སྐོར་འདི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གི་ཁོར་ཡུག་སྲུང་སྐྱོབ་སོགས་ཡར་རྒྱས་གཏོང་ཕྱོགས་ཐད་ལ། རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བཟང་པོ་འཛིན་རྒྱུའི་གོ་སྐབས་ཧ་ཅང་ལེགས་པོ་ཡིན་ཚུལ་སོགས་ཀྱི་སྐོར་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།