གསེར་རྟ་རྒྱའུ་གདོང་དགོན་དུ་དམ་དྲག་དང་དགོན་བདག་བྲོས་བྱོལ།

དགོན་པའི་གྲྭ་པ་རྣམས་ཀྱིས་ལོ་གསར་གཏོང་རྒྱུ་མིན་ཞེས་རང་སར་གྲོལ་ནས་ནང་དུ་ལོག་ཡོད་པ་མ་ཟད། དགོན་བདག་སྤྲུལ་སྐུ་ཤེས་རབ་བློ་ལྡན་མཆོག་ལ་ཁྱེད་ཀྱིས་རྒྱ་གཞུང་གིས་བཀའ་དང་ལེན་མ་བྱས་པར་བརྟེན། དགོན་བདག་གི་ཐོབ་ཐང་དང༌། སྤྲུལ་སྐུའི་མིང་མེད་པ་བཟོ་རྒྱུ་དང༌། ཕྱི་བསྐྱོད་ལག་འཁྱེར་སྔར་ནས་སྤྲད་ཟིན་པ་དེ་དག་ཀྱང་ཕྱིར་བསྡུ་བྱེད་རྒྱུ་ཡིན་ལུགས། དེ་ལྟར་དང་ལེན་བྱས་ན་གོང་གསལ་ལྟར་ཐོབ་ཐང་དམིགས་བསལ་སྤྲོད་རྒྱུ་ཡིན་པ་མ་ཟད། ཁོང་གིས་རྒྱག་འཆར་ཡོད་པའི་བཤད་གྲྭ་དེ་ལའང་ཆོག་མཆན་སྤྲད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང༌། རྒྱ་གཞུང་གིས་ག་རེ་བྱེད་དང་མི་བྱེད་ཁྱེད་རང་ཚོའི་དབང་ཆ་རེད། ཕྱི་ལོ་༢༠༠༨ ལོར་མཚོན་ན་བོད་ཡ་ང་བའི་རྐྱེན་ཆག་མང་པོ་ཞིག་བྱུང་ཡོད་པས། མྱ་ངན་དང་མུན་ནག་གི་ལོ་ཞིག་ཡིན་པར་བརྟེན་ལོ་གསར་གཏོང་རྒྱུའི་སྐོར་ལ་ངས་ནུས་པ་འདོན་ཐུབ་ཐབས་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་དང༌། འབྲེལ་ཡོད་རྒྱ་གཞུང་གི་ལས་བྱེད་པས་ཁྱེད་རྒྱ་གཞུང་གི་ཁྲིམས་ལུགས་གང་མང་དང་འགལ་ཡོད་པས་རང་ཚོད་འཛིན་དགོས་ཚུལ་བཤད་པ་སོགས་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱེད་ལ་ཉེ་བར་བརྟེན། བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་འདུག ༢༠༠༨ ལོར་རྒྱལ་སྤྱིའི་ཨོ་ལིམ་པིག་ལུས་རྩལ་འགྲན་འཚོགས་ལ་རྒྱབ་སྐྱོར་དགོས་ཚུལ་བརྗོད་པར་སྤྲུལ་སྐུ་ཤེས་རབ་བློ་ལྡན་མཆོག་གིས་དང་ལེན་མ་བྱས་པར་བརྟེན། འཛིན་བཟུང་བྱེད་རྒྱུའི་བཀའ་བཏང་བར་བརྟེན་ལོ་སྔོན་མའང་ཉེན་ཡོལ་ཆེད་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང༌། ཉེ་བའི་ཟླ་ཤས་ཙམ་ནས་ཅུང་ལྷོད་ཡང་གི་རྣམ་པ་ལྟ་བུ་མངོན་པས་ཕྱིར་དགོན་པ་རུ་སྒྲུབ་མཆོད་དང་སྟབས་བསྟུན་ནས་ཕེབས་པ་ཡིན་འདུག་ཅིང༌། དགོན་པ་འདི་ནི་རབ་བྱུང་བཅུ་གཅིག་པའི་ནང་དུ་རི་ཁྲོད་ཙམ་ཞིག་ལས་མེད་ཀྱང༌། ཕྱིས་སུ་གསེར་པ་ཡེ་ཤེས་སེང་གེས་བཀའ་ལུང་ལྟར་འདུ་ཁང་དང་ལྷ་ཁང་སོགས་གསར་བཞེངས་ཞུས་པ་ཡིན་འདུག་པ་དང༌། ཆོས་བརྒྱུད་སྔ་འགྱུར་རྙིང་མ་དཔལ་ཡུལ་བའི་དགོན་ལག་ཅིག་ཡིན་ཞིང༌། ད་ལྟའི་ཆར་རྒྱའུ་གདོང་དགོན་པ་ལ་དགེ་འདུན་པ་གྲངས་༡༢༠ ཙམ་ཡོད་འདུག།