རྒྱ་གར་གྱི་འོས་བསྡུ་སྐབས་འཇིགས་སྐུལ་རིང་ལུགས་པར་དོགས་ཟོན།

ཨ་རི་དང་རྒྱ་གར་གཞུང་གཉིས་ལ་སེམས་ཁྲེལ་ཆེ་ཤོས་ནི་པཱ་ཀི་སི་ཐན་གཞུང་དང་འཇིགས་སྐུལ་རིང་ལུགས་གཉིས་དབར་འབྲེལ་ལམ་དམ་པོ་ཡོད་མེད་དོགས་པ་ཟོས་ཏེ། པཱ་ཀི་སི་ཐན་འཛམ་གླིང་ནང་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་གསར་ལམ་ཁག་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    འདི་ལོའི་ཟླ་བ་ ༥ པའི་ནང་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་པོའི་སྐབས་སུ་འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་བྱེད་དོགས་ཀྱིས། རྒྱ་གར་གཞུང་གིས་དྲག་སྤྱོད་འགོག་ཐབས་ཀྱི་གྲ་སྒྲིག་འཐུས་ཚང་བྱེད་བཞིན་ཡོད་སྐོར། རྒྱ་གར་ནང་སྲིད་བློན་ཆེན་ཆིས་དམ་བྷ་རམ་གྱིས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད། ནང་སྲིད་བློན་ཆེན་འདི་ཟླ་ཤས་སྔོན་བྷོམ་བྷན་དུ་རྙོག་གྲ་བྱུང་ཚར་བའི་རྗེས་སུ་བསྐོ་བཞག་བྱས་པ་ཞིག་ཡིན་པ་དང༌། ད་དུང་ཁོང་གིས་རྒྱ་གར་ལ་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁ་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་གི་ཡོད་པ་རེད། ཡིན་ན་ཡང་རྒྱ་གར་ནང་ཁ་ཆེའི་དམག་དཔུང་དང་འབྲེལ་ཡོད་ཐོག་ནས་ཀྱང་འཇིགས་སྐུལ་བ་མང་པོ་ཞིག་ཡོང་བཞིན་ཡོད་པ་རེད་ཅེས་དང༌། འཇིགས་སྐུལ་རིང་ལུགས་པ་དེ་དག་ལ་མཐུན་རྐྱེན་དང་སྦྱོང་བརྡར། རྒྱབ་སྐྱོར་མང་པོ་ཞིག་ཕྱི་རྒྱལ་ཁག་ནས་ཡོང་གི་ཡོད་པ་དང༌། དམིགས་བསལ་གྱིས་པཱ་ཀི་སི་ཐན་ཕྱོགས་ནས་རོགས་རམ་ཕོན་ཆེན་རག་གི་ཡོད་པས། ང་ཚོ་ངོས་ནས་འོས་བསྡུ་ཆེན་པོ་མ་སླེབས་སྔོན་ལ་གྲ་སྒྲིག་འཐུས་ཚང་ཞིག་བྱས་ཏེ་མ་འོང་པའི་བདེ་འཇགས་སོགས་ལའང་འགན་ལེན་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་དང༌། དངོས་སུ་འཇིགས་སྐུལ་རིང་ལུགས་པ་ག་བ་ནས་ཡོང་གི་ཡོད་མེད་བརྗོད་དཀའ་ནའང༌། ཁོ་ཚོས་རྒོལ་རྡུང་གཏོང་རྒྱུའི་གྲྭ་སྒྲིག་བྱེད་བཞིན་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད་ཅེས་རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གིས་གསར་ལམ་ཁག་ནས་བརྒྱུད་བསྒྲགས་བྱས་ཡོད་པ་རེད།