རྟ་མགྲིན་གྱི་བཀའ་དབང་དང་སེར་བྱེས་ཕུར་མཇལ་ཆེན་མོ།

དུས་དུས་སུ་དྷ་རམ་ས་ལ་ཡོང་ནས་བརྒྱ་ཕྲག་ཁ་ཤས་རེ་སྒྲུབ་ཀྱི་ཡོད་རེད་དེ། ཁག་ཅིག་ལ་འགྲོ་སོང་གཏོང་རྒྱུ་མེད་པར་ཁག་པོ་ཆགས་ཀྱི་ཡོད་པ་འདྲ། དེ་འདྲ་ཡིན་དུས། བསྙེན་རྫོགས་དེ་ཡང་འདིར་བསྒྲུབ་གཞག་ན་བསམ་ནས་ངའི་བསམ་ཚུལ་དེ་འདྲ་རེད། ད་ལྟ་ལོ་གསར་སྐབས་སུ་དུས་ཚོད་ཏོག་ཙམ་འཐུས་པ་འདྲ་པོ་འདུག དུས་ཚོད་དེ་བཟུང་ནས་བསྙེན་རྫོགས་བསྒྲུབ་རྒྱུའི་ཆེད་དུ་ཡིན་ཞེས་དང༌། ཡང་ཁོང་གིས་གསུང་དོན། ད་ལོའི་ལོ་འདི་ལ་བོད་ནང་ལ་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད་བསྡད་ཡོད་པ་རེད། ཁ་སང་ཉེ་ཆར་བོད་ནས་ཡོང་བའི་མི་དེ་འདྲར་ང་ཐུག་པ་རེད། ཨ་མདོའི་སྤོ་ལགས་ཤིག་གིས་བཤད་པར་ལོ་འདིའི་ནང་ལ་ཞི་བའི་ངོ་རྒོལ་དེ། སྟོད། གཙང༌། མདོ་སྟོད་སྨད། ས་ཁུལ་ཚང་མ་ནས་འདས་པའི་ལོ་དྲུག་ཅུའི་ནང་ལ་ན་ཚ་ཆགས་བསྡད་པ་དེ་ཕྱིར་བསྟན་པ་རེད་ཟེར། དེ་བདེན་པ་རེད། ད་ལྟའི་དུས་ཐོག་ནས་བརྩིས་ན་མེས་པོ་ཟེར་དགོས་ན་འདྲ། སྤོ་ལགས་དེ་ཚོའི་ཕྲུ་གུའི་ཕྲུ་གུ་ད་ལྟ་ཕ་མ་ཆགས་ཏེ་ད་ལྟ་ཕལ་ཆེར་མི་ཐོག་གསུམ་ཙམ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་རྒྱ་གཞུང་གིས་ཉི་ཤར་སྦར་མོས་མི་ཁེབས་ཟེར་པའི་དཔེ་བཞིན་གསལ་ཡོང་དུས་རྒྱ་བོད་དཀའ་ངལ་སེལ་རྒྱུ་ཞིག་ཨེ་ཡོང་བསམ་ནས་རེ་བ་ཞིག་བརྒྱབ་བསྡད་ཡོད་རེད་དེ། ད་དེ་ཡོང་རྒྱུའི་ཚབ་ལ་དྲག་གནོན་ཆེན་པོ་ཞིག་བྱས་པ་རེད་ལ། ད་ལྟ་ཡིན་ནའང་དྲག་གནོད་བྱེད་སྡོད་ཀྱི་འདུག་ག ད་ང་ཚོས་ཐབས་ཤེས་གང་ཡོང་བྱེད་ཀྱི་ཡོད་རེད། དེ་ལམ་སང་འདི་ཐོན་སོང་བསམ་བསམ་གང་ཡང་ཡོད་པ་མ་རེད་ཅེས་སོགས་རྒྱ་བོད་འབྲེལ་མོལ་སྐོར་དང༌། ཡང༌། ད་དེ་རིང་བྱེས་པ་གྲྭ་ཚང་ཁོངས་ནས་རྟ་མགྲིན་ཡང་གསང་ལྷ་དགུའི་བསྐང་གསོལ་ཁང་གིས་གསོལ་བསྟོད་སྲོག་གཏད་ཞུ་རྒྱུ་དེ་འདྲ་རེད། ང་རང་ཚོ་འདིར་དགེ་འདུན་འདུས་པ་རྒྱ་མཚོ་དངོས་གནས་རང་ཆགས་བསྡད་ཡོད་རེད། སྟོང་ཕྲག་ལྔ་དྲུག་འདུས་པའི་གནས་ཤིག་དང་དེར་དམིགས་བསལ་སེ་ར་བྱེས་རྟ་མགྲིན་དང་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་པ་ཡིན་དུས། དེ་རིང་འདིར་རྟ་མགྲིན་གྱི་དབང་ཞིག་འདོན་ན་ཡག་པོ་མེད་འགྲོ་དྲན་སོང༌། རྟ་མགྲིན་སྤྱན་རས་གཟིགས་དྲག་ཏུ་ཁྲོས་པའི་རྣམ་པ་ཅན་ཞིག་ཆགས་བསྡད་ཡོད་རེད། ང་རང་ཚོ་བོད་ཁ་བ་གངས་ཅན་གྱི་ལྗོངས་ལ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཟེར་ནས་བཤད་སྲོལ་ཡོད་པ་རེད་ལ། ང་རང་ཚོར་དམིགས་བསལ་གྱིས་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། ལོ་རྒྱུས་ཐོག་ནས་བལྟས་ན་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་ཡོད་པ་དང༌། ཆོས་རྒྱལ་ཚོའི་དུས་ནས་སྤྱན་རས་གཟིགས་ཞི་ཁྲོའི་སྐུ་རེ་ཕལ་ཆེར་ཡོད་པ་རེད། ཞི་བ་སྤྱན་རས་གཟིགས་དང་ཁྲོས་པ་རྟ་མགྲིན་ཟེར་ནས་རྩ་ཆེན་ཞིག་ལ་བརྩི་ཡི་ཡོད་པ་མ་ཟད། བསྟན་པའི་བདེ་རྩ་གཙུག་ལག་ཁང་ཕལ་མོ་ཆེར་སྐུ་དེ་གཉིས་ཡོད་པ་རེད། དེ་སློབ་དཔོན་ཐུགས་རྗེ་ཅན་གྱིས་བཀའ་བགོས་འོག་ནས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། མདོར་ན། དེ་རིང་འདིར་རྟ་མགྲིན་གྱི་དབང་ཞིག་བསྐུར་བ་དེ་བོད་བསྟན་སྲིད་སྤྱིའི་དོན་དག་ལ་དམིགས་པ་ཡིན་ཞེས་བཀའ་གནང་ཡོད་པ་རེད།
    བཀའ་དབང་གནང་ཟིན་རྗེས་སུ་བོད་ཁ་བ་གངས་ཅན་པའི་ལྷ་སྐལ་ཐུན་མོང་མ་ཡིན་པ་འཕགས་པ་སྤྱན་རས་གཟིགས་ཞི་ཁྲོའི་རྣམ་པ་ཅན་གཉིས་ཀྱི་ནང་ནས་ཁྲོ་བོ་རྟ་འགྲིན་ཡང་གསང་གི་དབང་བསྐུར་ཟིན་པ་རེད། འདིའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས་བོད་གངས་ཅན་གྱི་ལྗོངས་འདིའི་གོད་ཆག་དེ་དག་མྱུར་དུ་ཞི་ནས་ཆོས་སྲིད་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལ་མཚང་མས་བརྒྱབ་དགོས་རེད། དེ་བཞིན། བོད་གངས་ཅན་ནས་ལྗོངས་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ཡིན་ནའང་བསྟན་པ་དང་འགྲོ་བར་ཕན་པ་སྒྲུབ་ཐུབ་པའི་ནུས་མཐུ་དང་ལྡན་པའི་བྱིན་རླབས་ཐོབ་སོང་བསམ་པའི་མོས་པ་གྱིས་ཤོག་ཅེས་སོགས་བཀའ་གནང་ཡོད་པ་རེད།། མོན་གྷོ་གསར་འགོད་པས།