བོད་ཡིག་ཡར་རྒྱས་ཀྱི་འགོག་རྐྱེན།
བོད་ནང་ལ་མཚོན་ནའང་རྒྱ་གཞུང་གི་གོ་གནས་མཐོ་བའི་ལས་བྱེད་པ་རྣམས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་རྣམས་རྒྱ་ཡིག་རྐྱང་པ་སློབ་སའི་སློབ་གྲྭ་རུ་འཇོག་པ་དང༌། བཙན་བྱོལ་བོད་གཞུང་གི་དཔོན་རིགས་དང་སྟོབས་འབྱོར་ཡག་པོ་ཡོད་མཁན་རྣམས་ཀྱིས་བུ་ཕྲུག་རྒྱ་གར་དང་དབྱིན་ཇི་སློབ་གྲྭ་རུ་འཇོག་པ་ལས་བོད་ཡིག་སློབ་སའི་སློབ་གྲྭ་རུ་སྐྱེལ་འདོད་མེད་པ་ཧ་ཅང་མང༌། བོད་ཕྱི་ནང་གཉིས་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་ གནང་མཁན་ཕལ་མོ་ཆེས་གང་བཤད་པ་དེ་བཀའ་སློབ་སྙན་པོ་ཞིག་ཡོང་བའི་ཀྱི་ཆེད་དུ་གསུངས་པ་ལས། དངོས་ཡོད་གནས་ཚུལ་ཁ་ཞེ་གཉིས་མེད་ཀྱིས་གསུངས་པ་ཞིག་མིན་པ་རང་ཉིད་ལ་ཐུག་དུས་ཁ་བཤད་དང་ལག་ལེན་མི་འདྲ་བའི་ཆ་ནས་ཤེས་ཐུབ། དེ་ནི་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་ཆེ་ཤོས་བོད་པ་རང་ངོས་ནས་བཟོས་པའི་དཔེ་མཚོན་ཞིག་ཡིན།
དེ་བཞིན་བོད་ཡིག་ཡག་པོ་ཤེས་ཟེར་མཁན་དང་བོད་ཡིག་བེད་སྤྱོད་ཆེ་རུ་གཏོང་དགོས་པ་དང༌། བོད་ཡིག་མི་ཤེས་མཁན་གྱི་མཁས་པ་དག་ཀྱང་བོད་པ་མཚན་ཉིད་ཚང་བ་ཞིག་མ་རེད་ཅེས་ཡིག་ངག་གཉིས་ཐོག་ནས་བརྗོད་མཁན་རྣམས་ཀྱིས་ཀྱང༌། རྩོམ་ཡིག་འབྲི་བ་དང་རྩོམ་དེབ་པར་སྐྲུན་བྱས་པ་ཁག་ལ་བལྟ་བའི་ཚེ་དེབ་དེ་དག་ཀློག་མཁན་གྱི་ཆེད་དུ་བྲིས་པ་ཞིག་མ་ཡིན་པར་རང་ཉིད་ཁོ་ནའམ། ཡང་ན་རང་དང་ཤེས་ཚད་མཉམ་པ་ཁག་ཅིག་ལས་གོ་མཁན་མེད་པ་འབའ་ཞིག་བྲིས་ནས། བོད་ཡིག་གི་ཆུ་ཚད་ཞན་ཡང་བོད་ཡིག་ལ་དོ་སྣང་ཡོད་མཁན་དག་གིས་རྩོམ་ཡིག་དང་རྩོམ་ དེབ་དེ་དག་བཀླགས་པའི་སྐབས་གོ་དོན་རྙེད་དཀའ་བས་བོད་ཡིག་མཁྲེགས་པོ་ཡིན་པའི་ལྟ་ཚུལ་ཞིག་རང་བཞིན་གྱིས་བྱུང་ནས། བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་པ་རེད། ཁག་ཅིག་གིས་གསལ་བསྒྲགས་ཤིག་བྲིས་ཀྱང་སྙན་ངག་ཟེར་བ་དེ་ཡིན་མིན་ཇི་ལྟར་ཡང་ཚིག་མཁྲེགས་པོ་རྐྱང་པ་བེད་སྤྱོད་བྱས་ནས་བྲིས་ཏེ། རང་ཉིད་ལ་ར་བཟི་བ་ལྟ་བུའི་ཚོར་སྣང་ཞིག་ཡོང་གི་ཡོད་སྲིད་ཀྱང༌། གསལ་བསྒྲགས་དེ་མི་མང་ཆེ་བས་མི་གོ་བས་སྐད་ཡིག་ཡར་རྒྱས་ལ་ཕན་ལས་གནོད་དུ་འགྱུར་བཞིན་པ་ཤེས་དགོས། འདི་ལྟ་བུའི་གནས་སྟངས་འོག་ནས་རྩོམ་ཡིག་འབྲི་མཁན་ལས་རྩོམ་ཡིག་ཀློག་མཁན་ཉུང་བའི་དཀའ་ངལ་འདི་འཕྲད་བཞིན་ཡོད་ལ། མ་འོངས་པར་རྩོམ་ཡིག་འབྲི་མཁན་དག་གིས་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་མ་ཡིན་པའི་ཐོག་ནས་གང་ཐུབ་ཐུབ་ཀྱིས་ཁ་གསལ་ཞིང་གོ་བདེ་བ་ཞིག་བྲིས་ནས། ཁྱེད་མཁས་པ་མ་ཡིན་པའི་མིང་ཤས་འབྱུང་མི་སྲིད་པ་རྫ་དཔལ་སྤྲུལ་དང༌། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཁག་ལ་བལྟས་ན་ཤེས་ཐུབ། དེར་བརྟེན་ད་ལྟའི་ཆར་བོད་ཡིག་ལ་དོ་སྣང་མེད་མཁན་དག་གིས་བོད་ཡིག་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཡོད་པ་སྨོས་མེད་ཡིན་པ་ཙམ་དུ་མ་ཟད། བོད་ཡིག་ཤེས་མཁན་རྣམས་ཀྱིས་ཀྱང་རང་ཉིད་ཁོ་ན་ལས་ཀློག་མཁན་ལ་བསམ་བློ་མ་བཏང་བར་ཚིག་མཁྲེགས་པོ་འབའ་ཞིག་དང༌། སྐད་ཆའི་གོ་རིམ་གྱི་ཐོག་ནས་གཞན་གྱིས་བཤད་སྟངས་དང་མི་འདྲ་བ་ཞིག་འབྲི་བར་ཐབས་ཤེས་བྱས་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བར་ལྡོག་ཕྱོགས་ནས་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད་པའང་ཤེས་དགོས། བོད་ཡིག་ཡར་རྒྱས་སུ་གཏོང་བར་ཕན་ནུས་ཆེ་ཤོས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་བེད་སྤྱོད་ཀྱི་ཁོར་ཡུག་ཆེ་རུ་གཏོང་དགོས་ལ། ཆུང་ས་ནས་ཟ་ཁང་གི་ཟས་རིགས་ཀྱི་མིང་ཡང་བོད་པ་ནང་ཁུལ་དུ་བོད་ཡིག་གི་ཐོག་ནས་འབྲི་ཐུབ་པ་ཞིག་དང༌། ཆེ་ས་ནས་འཕྲུལ་ཆས་ལས་རིགས་ཀྱི་ནང་དུའང་བོད་ཡིག་བེད་སྤྱོད་བྱེད་ཐུབ་པ་ཞིག་བྱུང་ན་ད་གཟོད་བོད་ཡིག་ལ་བརྟེན་ནས་ཤེས་བྱའི་གནམ་འཕངས་གཅོད་ཐུབ་པ་ལས། ད་ལྟའི་ཆར་བོད་ཡིག་ཕྱུག་པོ་ཡིན་ཚུལ་རྐྱང་པ་ཇི་ལྟར་གླེང་ཡང་ཡར་རྒྱས་སུ་འགྲོ་བར་ཕན་ཐོགས་གང་ཡང་མེད།།
