རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་སྲུང་བརྩི།

ཤེས་མཁན་དེ་དག་རིམ་བཞིན་གྲོངས་འགྲོ་བའི་སྐབས་སུ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཆགས་ནས་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཁག་པོ་ཡིན་སྐོར་གསུངས་སོང༌། ལུང་རིགས་རྒྱལ་ལགས་ཀྱིས་གསུང་དོན། སྐད་ཡིག་གི་ཉིན་མོ་སྲུང་བརྩི་ཙམ་མ་ཡིན་པར་དངོས་སུ་ལག་བསྟར་བྱེད་ཐུབ་པ་ག་རེ་འདུག་བལྟ་དགོས་རེད། དཔེར་ན། ལྷན་ཁང་ཁག་དང༌། ལས་ཁུངས་ཁག དེ་བཞིན་ཟ་ཁང་སོགས་སྒོ་བྱང་གི་ཡིག་ནོར་ཡན་ཆད་དག་བཅོས་བྱེད་རྒྱུ་ལ་སོགས་པ་ལས་འགུལ་ཆུང་ཆུང་ནས་སྤེལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེང་སང་གཞོན་སྐྱེས་ཚོས་གློག་ཀླད་དྲ་ལམ་ཐད་འབྲེལ་བ་མང་པོ་བྱེད་ཀྱི་ཡོད་པས། དེའི་ཐད་སོ་སོའི་སྐད་ཡིག་ཡར་རྒྱས་ལ་ཕན་པའི་མཐུན་རྐྱེན་ག་རེ་བསྐྲུན་ཐུབ་ཀྱི་འདུག གཞུང་གི་ངོས་ནས་སྐད་ཡིག་བདག་སྐྱོང་ཐད་ཕྱག་ལས་ག་རེ་གནང་དགོས་ཀྱི་ཡོད་མེད་སོགས་གང་ཐད་ནས་ཚང་མས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང༌། གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གསུང་དོན། མི་ཞིག་གིས་རང་གིས་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར། ཡི་གེ་ག་འདྲ་ཞིག་བྲིས་ཀྱང་ཚིག་གང་ལས་སླ་བ་བེད་སྤྱོད་གཏོང་དགོས་པ་དེ་གནད་འགག་ཅིག་རེད་འདུག སོ་སོས་ཚིག་མཁྲེགས་པོ་གསར་རྙིང་མང་པོ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་ག་ཚོད་བྲིས་ཀྱང༌། གཞི་རིམ་སྤྱི་ཚོགས་ཀྱི་ནང་དུ་རང་དང་འདྲ་བ་ཞིག་གིས་མ་གཏོགས་གོ་བ་ལེན་མ་ཐུབ་ན་ཕན་ཐོགས་མེད་ལྟ་བུ་ཆགས་པ་རེད། ནམ་རྒྱུན་དགོངས་ཚུལ་གསུང་མཁན་མང་ཆེ་བས་ལས་སླ་པོ་བྲིས་པ་ཡིན་ན་སྐད་ཡིག་གི་བྲོ་བ་བརླག་འགྲོ་ཡི་གསུང་གི་ཡོད་རེད། འོན་ཀྱང་དཔེར་ན་ངས་ཚིག་མཁྲེགས་པོ་འབའ་ཞིག་འབྲི་ཁུལ་བྱས་ན་ང་འདྲ་བ་ཞིག་ལ་ཕན་ཐོགས་ཀྱི་མ་རེད། ངས་ཤེས་པ་དེ་ཁོ་རང་གིས་ཤེས་ཀྱི་ཡོད་རེད། ང་ལས་ཚད་དམའ་བ་ཞིག་གིས་ཧ་གོ་ཡི་མ་རེད། གང་ལྟར་ཕན་ཐོགས་མེད་པ་ཆགས་པ་རེད་ཅེས་དང༌། སྐད་ཡིག་མི་ཤེས་མཁན་རྣམས་ལ་ཁ་རྡུང་གཏོང་རྒྱུ་ལས། སྐད་ཡིག་ལ་དོ་སྣང་སླེབས་ཐབས་བྱེད་དགོས་པ་གནད་འགག་ཆེན་པོ་རེད་ཅེས་སོགས་གསུངས་པ་མ་ཟད། ཚོགས་བཅར་བ་རྣམས་ཀྱིས་ཀྱང་བསམ་ཚུལ་དང་དྲི་བ་མང་པོ་བྱུང་སོང༌། རྒྱལ་སྤྱིའི་ཐོག་སྐད་ཡིག་མི་འདྲ་བ་དྲུག་སྟོང་ལྷག་ཡོད་པའི་ནང་ནས་སྐད་ཡིག་སུམ་སྟོང་ཙམ་ཉམས་ཆག་ཏུ་སོང་དང་འགྲོ་བཞིན་པ་རེད་ཅེས་བགྲོ་གླེང་གི་ཐོག་ཏུ་སྐད་ཆ་ཡང་བྱུང་སོང༌།། ­