ཁྱིམ་ཚང་གི་བོད་དོན་ཟས་བཅད་ངོ་རྒོལ།

ལོ་གསར་ཚེས་༡ ཉིན་སྟེ། ཕྱི་ཚེས་༢༥ ཉིན་རྡ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཚ་བ་རྣམ་རྒྱལ་ཚེ་རིང་ཁྱིམ་ཚང་གི་ནང་མི་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་འགོ་བརྩམས་འདུག དེའི་རྒྱུ་མཚན་ནི་བོད་རྒྱ་ནག་གིས་བཙན་བཟུང་བྱས་ནས་ད་བར་མི་ལོ་ལྔ་བཅུའི་རིང༌། ཚེ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱང་ངན་རྗེས་དྲན་དང༌། སྐྱིད་སྡུག་མཉམ་མྱོང༌། བཙོན་དུ་བཅུག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཡིན་པ་རེད། གཞན་ཡང༌། རྒྱ་གཞུང་གིས་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་པ་དང༌། བོད་རིགས་མི་མང་ལ་བརྩི་བཀུར་ངེས་པར་དུ་བྱེད་དགོས། རྒྱ་གཞུང་གིས་བོད་ནང་ལ་བཏང་བའི་དམག་དཔུང་ཕྱིར་འཐེན་དང༌། དྲག་གནོན་མཚམས་འཇོག་བྱེད་དགོས། འགོས་ནད་རིགས་ཡོད་པའི་སྨད་འཚོང་མ་དང༌། དུས་ཚོད་ཆུད་ཟོས་དང༌། མི་མང་གི་དཔལ་འབྱོར་གྱོང་གུད། ནང་མི་འཁྲུག་འཛིང་སློང་གཞིའི་ཤོ་བག་རྒྱན་འཛུགས་ཀྱི་རིགས་མཚམས་འཇོག་བྱེད་དགོས་ཞེས་པ་སོགས། རྒྱ་གཞུང་གིས་ཤེས་དགོས་པའི་དགོས་འདུན་དོན་ཚན་ཁག་ཅིག་ཀྱང་ཤོག་ཐོག་ཏུ་བཀོད་ནས་མི་མང་ལ་འགྲེམས་སྤེལ་བྱས་སོང༌།།