ལོ་གསར་ཚེས་༣ ཉིན་གྱི་ལས་འགུལ།

སྔ་དྲོའི་ཆུ་ཚོད་༡༡ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཉིན་གསུམ་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཇུག་སྡོམ་གནང་བ་དང༌། དེའི་ཐོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསུང་དོན། བོད་ནས་གསར་དུ་ཕེབས་པ་རྣམས་ཀྱིས་རྒྱ་གཞུང་གིས་ག་རེ་བྱེད་ཀྱི་ཡོད་མེད་ཧ་གོ་ཡི་ཡོད་རེད།བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱིས་བོད་ནང་གི་བོད་མི་ཚོའི་རེ་བ་ནང་བཞིན་བྱེད་ཀྱི་ཡོད་མེད་ལྟ་དགོས་པ་དང༌། གལ་སྲིད་བྱེད་ཀྱི་མེད་ན་མི་འདུག་ཅེས་གསལ་བཤད་བྱེད་དགོས་པ་གལ་ཆེན་པོ་རེད། ཚོགས་སྡེ་ཁག་དང་ལྷག་པར་དུ་བོད་གཞུང་གི་ལས་ཀ་བྱེད་ཕྱོགས་ཚང་མ་འགྲིག་གི་འདུག་ན་ཚང་མ་ལ་གསལ་སྟོན་བྱེད་དགོས་པ་གལ་ཆེན་པོ་རེད། གཞོན་སྐྱེས་ཚོས་སོ་སོས་ཆོས་ཀྱི་ཐོག་ནས་ཡིན་ན་འདྲ། སྲིད་ཀྱི་ཐོག་ནས་ཡིན་ན་འདྲ་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་བྱས་ནས་བོད་པ་ཡིན་པའི་འགན་ངེས་པར་འཁུར་དགོས་པ་རེད། བོད་མི་ཞིག་ཞིག་ན་སོ་སོ་ལ་འགན་ཞིག་ཡོད་པ་ཧ་གོ་དགོས་པ་དང༌། ངོ་ལྐོག་མེད་པར་གཞིས་ལུས་རྒྱ་ཆེའི་མི་མང་ལ་དམ་བཅའ་འཇོག་དགོས་པ་དང༌། སོ་སོའི་འཇོན་ཐང་ལ་དཔག་པའི་ནུས་པ་ཡོངས་རྫོགས་གཅིག་ཏུ་སྤུངས་དགོས་པ་གལ་ཆེན་པོ་རེད། སྤྱིར་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་དེ་འདྲ་ཡོང་གི་རེད། མང་གཙོའི་ལུང་པ་ཞིག་ཡིན་ན་དེ་འདྲ་ཡོང་དགོས་ཀྱི་ཡོད་རེད། ཚང་མས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་རེད། ལྟ་བ་མཐུན་མིན་ཙམ་གྱིས་ནང་ཁུལ་དུ་ྋགོང་ས་མཆོག་གི་བཀའ་ལ་བརྩི་མཁན་མ་རེད་མདོག་མདོག་དེ་འདྲ་བཤད་པ་ཡིན་ན། ང་ཚོས་ང་ཚོར་གཉའ་བཅག་པའི་གནས་སྟངས་ཤིག་དང༌། ནང་ཁུལ་འཛིང་བསྡད་པའི་བཟོ་འདྲ་པོ། རྒྱ་མིས་དཀྲུགས་ཤིང་བརྒྱབ་པ་དེ་ང་ཚོས་བེད་སྤྱོད་བྱེད་བསྡད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་དུས། ལྟ་བ་ལངས་ཕྱོགས་མི་འདྲ་བ་ག་རེ་ཡོད་ཀྱང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་འགན་མཉམ་དུ་འཁུར་གྱི་ཡོད་རེད། དེར་བརྟེན་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་འགན་མཉམ་དུ་ཁུར་དགོས་པ་གལ་ཆེན་པོ་རེད་ཅེས་དང༌། ཚང་མས་ལོ་གསར་མ་བཏང་བར་ལས་འགུལ་དུ་ཞུགས་པ་དེ་གཟི་བརྗིད་དང་རླབས་ཆེན་གྱི་ལས་ཀ་ཞིག་རེད་བསྔགས་བརྗོད་ཀྱང་གནང་སོང༌། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་ཟས་བཅད་ངོ་རྒོལ་དུ་ཞུགས་མཁན་རྣམས་ལ་ཡི་རང་བསྔགས་བརྗོད་གནང་བ་དང་སྦྲགས་གསུང་དོན། དེ་རིང་ལས་འགུལ་ནང་ཆ་ཤས་ལེན་མཁན་གཞོན་སྐྱེས་ཤ་སྟག་ཡིན་པས། དགའ་སྤོབས་སྐྱེ་འོས་པ་ཞིག་དང༌། མི་རབས་གསར་པ་རྣམས་ཀྱིས་འགན་ཁུར་དགོས་ཀྱི་རེད་ལ་འགན་འཁུར་བ་དེ་ཡག་པོ་རེད། སྔོན་མ་ཡིན་ན་ལས་འགུལ་གྱི་ནང་དུ་རྒན་རྒོན་རྐྱང་རྐྱང་ཡིན་པ་ལྟ་བུ་རེད། ད་སྐབས་གཞོན་སྐྱེས་རྐྱང་རྐྱང་ཡིན་པ་དེ་ཧ་ཅང་བསྔགས་འོས་པ་ཞིག་རེད་ཅེས་དང༌། ༢༠༠༩ ལོར་ད་དུང་ལས་འགུལ་སྤེལ་རྒྱུ་མང་པོ་ཡོད་པས་མི་མང་རྣམས་ཀྱིས་དེ་བཞིན་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཡང་གནང་སོང༌། ཟས་བཅད་ངོ་རྒོལ་འདིའི་ནང་དུ་མང་ཆེ་བ་གྲྭ་བཙུན་ཡིན་པ་དང༌། གཞན་ཡང་བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང༌། ལོ་སྔོན་མའི་གསུམ་བཅུའི་དུས་དྲན་སྐབས་སུ་རྒྱལ་ས་ལྷ་སར་ངོ་རྒོལ་ལས་འགུལ་ནང་དངོས་སུ་ཞུགས་མྱོང་མཁན་ཀུན་བཟང་བསོད་ནམས་ལགས། སློབ་ཕྲུག་ཁག་ཅིག ལོ་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟས་མེད་ཆུ་མེད་ཀྱིས་མ་ཤི་བར་ཟས་བཅད་ངོ་རྒོལ་གནང་མྱོང་མཁན་ཁག་ཅིག་ཀྱང་ཕེབས་འདུག །