བསྟོད་དང་བསྔགས་པའི་སྙན་ཚིག་རྒྱ་མཚོ་གཡུང་དྲུང་དགྱེས་པའི་མཆོད་སྤྲིན་བསྟར།།

 རིམ་པ་བཅུ་གསུམ་གནམ་གྱི་མཐོངས་ནས་དམུ་ཐག་བརྟེན་ནས་བབས་པའི་བུ།།

རྣོ་ངར་རལ་གྲི་ནང་ལ་བསྐོར་ནས་ས་གཞིའི་ཁྱོན་ལ་ལུས་པའི་རྒྱུད།།

ཞྭ་དཀར་བསྟན་པའི་དབུ་གདུགས་འོག་ནས་རྒྱལ་གཞིས་སླར་གསོ་བྱུང་བའི་སྲིད།།

ཡར་ཐོག་རྫོགས་ལྡན་སྐལ་བ་བཞི་ལ་རྒྱལ་འབངས་མཉམ་དུ་གནས་པའི་རྗེས།།

 

རི་བོ་ཆེན་པོ་རླུང་གིས་སྤུར་ན་གནོན་པའི་རྡོ་ཞིག་གང་ནས་འཚོལ།།

རྒྱ་མཚོ་ཆེན་པོ་མེ་ལ་ཚིགས་ན་གསོད་བྱེད་ཆུ་བོ་གང་ནས་ཕབ།།

འཕྲུལ་གྱི་མི་རྗེ་བཙན་པོའི་ཐུགས་མཚོ་ལས་དབང་རླབས་ཀྱིས་ཁ་བསྒྱུར་ན།།

མགུར་ལྷ་བཅུ་གསུམ་མཐུ་རྩལ་ཆེ་ཡང་མཐུ་དང་ནུས་པ་བཏོན་ཐབས་བྲལ།།

 

རྒྱ་དང་ཁ་སྤུ་དཀར་པོའི་རིགས་ཀྱི་ལྷོ་ཕྱོགས་ཆོས་དང་རིག་པའི་རྒྱུན།།

གངས་དང་ཁ་བ་དཀར་པོས་བཏུམས་པའི་བྱང་ཕྱོགས་བོད་ཡུལ་འབབ་པ་ནས།།

དབུས་འགྱུར་ཞང་ཞུང་ཏི་སེ་གངས་རྒྱུན་མ་ཕམ་གཡུ་མཚོའི་ཀློང་དུ་ཐིམ།།

ལྷོ་སྐྱོང་གཤིན་རྗེས་མ་ཧེ་སྒང་ནས་བྱང་སྐྱོང་གནོད་སྦྱིེན་རྟ་ལས་ཕབ།།

 

རྒྱལ་བློན་ནང་འཁྲུགས་ཤོར་བའི་གཡུལ་སར་ཕུ་ནུའི་སྙིང་ཁྲག་ས་ལ་འཕོས།།

ཉེས་མེད་རྒྱལ་སྲུང་དཔའ་བོ་གསོན་པོ་རིམ་པ་དགུ་ཡི་ས་འོག་མནན།།

མཛོ་ཁལ་བརྒྱ་ཡི་གཤེན་གྱི་གླེགས་བམ་ཡར་ཀླུང་གཙང་པོའི་གཞུང་ལ་གཤོལ།།

སྨྱུག་གཞུ་བཀང་པའི་ལྕགས་མདའ་ཅིག་གིས་བཙན་པོའི་རྒྱལ་ཁབ་ཏག་ཏག་བཟོས།།

 

ཚེ་རིང་མཆེད་ལྔས་སྐུ་ཚེ་མ་བསྲིངས་བཙན་པོའི་སྐུ་ཚེ་འཇའ་ལ་ཐིམ།།

བརྟན་མ་བཅུ་གཉིས་བརྟན་པོ་བཞུགས་ཀྱང་རྒྱལ་སྲིད་མ་བརྟན་རླུང་གིས་ཁྱེར།།

ཡར་ཀླུང་བཙན་པོའི་བང་སོ་སློག་དུས་ཡར་ལྷ་ཤམ་པོ་འཇའ་ལྟར་ཡལ།།

མི་སྲིད་སྲིད་པའི་མེ་རླབས་ཁྲོད་དུ་སྲིད་པའི་ལྷ་དགུ་ལྷ་ཡུལ་གཤེགས།།

 

རྒྱལ་ཁྲིམས་སྟག་པའི་གཉའ་ཤིང་འོག་ནས་ཉེས་མེད་ཞྭ་དཀར་རིང་ལུགས་སྲོལ།།

དཀར་ནག་ཁྲ་གསུམ་དབྱེ་བའི་སྣོད་དུ་ཤེད་དང་དཔུང་པས་བཙན་གྱིས་བརྫངས།།

བཙའ་སད་སེར་བ་མུ་གེ་དམག་འཁྲུག་རིམས་དང་ནད་ཀྱིས་བཅུན་པའི་སྐབས།།

ཞྭ་དཀར་ཅན་གྱི་སྒོ་ཡི་མ་ཐེམ་མི་འདོད་བཞིན་དུ་ཐོད་པས་བརྡུངས།།

 

ཉི་ཟླའི་འོད་ལ་སྤྱོད་དབང་མེད་པར་གནམ་གྱི་འཇུ་ཐག་ལྷོ་ལ་ཤོར།།

ནོར་བུའི་རིན་ཐང་གཞལ་དབང་མེད་པར་ས་ཡི་གཏེར་ཕུར་ཤར་དུ་ཁྱེར།།

སྒྲོན་མེའི་འོད་ལ་བསྟེན་དབང་མེད་པར་ཕན་བདེའི་སྲོག་རྩ་བྱང་གིས་བཅད།།

ཏི་སེ་གངས་རྒྱུན་སྤྱོད་ལོངས་མེད་པར་དུས་ཀྱི་རླུང་གིས་ནུབ་ནས་ཡལ།།

 

བླ་ན་མེད་པའི་བླ་མའི་རྒྱལ་ཁབ་བླ་བྲང་བཙན་པོས་བཟུང་བ་ནས།།

གྲུབ་མཐའི་འཁོན་འཛིན་སྙིང་ལ་རྒྱས་པས་སྙིང་གི་ཁྲག་རྩ་ཁྲག་གིས་སྦོས།

ཞྭ་མདོག་རྩོད་ནས་ཞྭ་དཀར་ཐུབ་རྗེས་སྤྱི་པའི་ཞྭ་མོ་མི་ལ་ཤོར།།

བོན་བན་བསྟན་སྲིད་གསེར་གྱི་ཉག་མ་དབུགས་ཀྱི་རྒྱུ་བ་མ་ཆད་ཙམ།།

 

ས་ཕག་དུས་འགྱུར་ས་གཡོལ་གཅིག་གིས་ས་ཆེན་སྒུལ་ཀྱོགས་བརྒྱབ་པའི་རྗེས།།

རྒྱལ་དང་རྒྱལ་སྲས་ཀུན་ལས་ལྷག་པའི་རྒྱལ་མཆོག་དམ་པའི་རྒྱལ་སྲིད་འོག།

དམངས་ཀྱི་རང་དབང་དམངས་ཀྱིས་སྤྱད་པའི་དམངས་གཙོའི་སྲིད་གཞུང་དམངས་ལ་གནང༌།།

བོན་བན་ཆོས་རིག་ཉི་ཟླའི་དཀྱིལ་འཁོར་འདྲ་མཉམ་གནམ་གྱི་མཐོངས་ན་བསུས།།

 

ཁྱོད་ཀྱི་ཐུགས་བསྐྱེད་རྒྱ་མཚོའི་རླབས་ཀྱང་གཡོལ་མེད་དུས་ཀྱི་རླབས་དང་འགྲོགས།།

ཤར་མཐའི་ཤར་ཁོག་སྐྱོང་ཚང་སྡེ་ནས་ལུང་རྟོགས་བསྟན་པའི་ཉི་མ་ཤར།།

དཔལ་ལྡན་བླ་མ་གཙུག་ན་བསྟེན་པས་དཔལ་གྱུར་མཁས་བཙུན་བཟང་པོའི་དཔལ།།

འགྲན་དུ་མེད་པ་མི་ཡི་སེངྒེའི་གོ་འཕང་མཆོག་ལ་ཁད་ཀྱིསའཛེགས།།

 

སྐོར་གསུམ་སྒང་དྲུག་རུ་བཞིའི་ཁྱོན་ལ་ཕན་བདེའི་འོད་ཀྱི་རྩ་ལག་བསྐྲུན།།

དུས་འགྱུར་དུས་ཀྱི་རླུང་རླབས་གཡོ་དུས་གང་ཁྱོད་དུས་ཐོག་ཆར་པ་བཞིན།།

འཕགས་པའི་ཡུལ་དུ་ཞབས་སོར་འཁོད་ནས་འཕགས་ཆེན་དམ་པའི་མཛད་པ་སྐྱོང༌།།

གསུང་རབ་པར་གྱི་རྩ་བ་བཙུགས་ཏེ་བསྟན་པའི་ཡལ་འདབ་ཕྱོགས་བརྒྱར་གྲོལ།།

 

ནུབ་ཕྱོགས་གླིང་གི་མཁས་ཆེན་དུ་མས་ཁྱོད་ལ་རེ་བའི་མིག་ཞགས་འཕངས།།

གནའ་དེང་ཤེས་བྱའི་གནས་ལ་བརྩོན་པའི་ཆེས་མཐོའི་སློབ་གྲྭ་དུ་མར་ཕེབས།།

ཕྱི་ནང་ཤེས་བྱའི་འབུམ་རམས་པ་ཚོ་ཁྱོད་ཀྱི་མདུན་སར་འཚང་ཀ་བྱེད།།

པུར་རྒྱལ་བོད་ཀྱི་བོན་བན་རིག་གཞུང་ཕྱི་གླིང་འདྲེན་པའི་སྒོ་འབྱེད་གནང༌།།

 

བསམ་འཕེལ་ནོར་བུའི་ནོར་ཉམས་ཆོད་ཕྱིར་འཕགས་ཡུལ་བྱེས་ཀྱི་གཡུང་དྲུང་པ།།

ལྷ་དང་བླ་མ་དགོངས་པ་གཅིག་པས་གང་ཁྱོད་གཤེན་སྟོན་བོན་གྱི་ཁྲིར།།

ཞབས་ཟུང་དྲི་མེད་གསེར་གྱི་འཁོར་ལོའི་རྩིབས་སྟོང་འབར་བའི་རེ་ཁ་བཀོད།།

ཞི་བདེའི་དེད་དཔོན་ཕྱག་ན་པདྨོ་དགྱེས་པའི་འདབས་སྟོང་ཁྱོད་ལ་གྲོལ།།

 

སྲིད་གསུམ་ཕན་བདེའི་རྩ་ལག་དམ་པ་ལུང་རྟོགས་བསྟན་པའི་ཉི་མ་ཆེ།།

ཕྱོགས་འཛིན་སྤྲིན་གྱིས་སྒྲིབ་པ་མ་ནུས་འདྲ་མཉམ་མཁའ་ལ་འཆར་བ་ནས།།

བསྟན་འགྲོ་སྤྱི་དང་གཡུང་དྲུང་རིང་ལུགས་འདབ་སྟོང་བཞད་པའི་ཟེ་བ་ལ།།

མ་བསྡུས་ངང་གིས་འདུས་པའི་རྐང་དྲུག་པདྨའི་མཚོ་ལ་ངང་མོ་བཞིན།།

 

མཛད་པ་རྒྱ་མཚོའི་གཏིང་ལས་ཟབ་པས་གཡུང་དྲུང་བསྟན་པ་རྨང་ནས་གསོས།།

འཕྲིན་ལས་ནམ་མཁའི་མཐོངས་ལས་ཡངས་པས་བོན་གྱི་ལུགས་བཟང་ཕྱོགས་བརྒྱར་ཁྱབ།།

ཐབས་འཕྲུལ་རྒྱ་མཚོའི་རླབས་ལྟར་གཡོ་བས་མཛད་པའི་འཕྲིན་ལ་འཕྱུགས་པ་མེད།།

གཞན་ཕན་གངས་ཀྱི་རི་ལས་དཀར་བས་འགྲོ་དོན་མཛད་ལ་ཞུམ་པ་མེད།།

 

མཁའ་ལྡིང་དབང་པོ་མཁའ་ལ་བགྲོད་དེ་མཁའ་ཡི་མཁའ་མཐའ་འཚོལ་བ་ལྟར།།

བདག་ལྟའི་དབང་གྱུར་བདག་དང་བདག་འདྲས་བདག་ཉིད་ཆེན་པོ་ཁྱོད་འདྲ་བའི།།

གསང་གསུམ་གསང་བའི་གསང་བ་མཐའ་དག་གསང་བ་ལྐོག་འགྱུར་དངོས་ཡིན་པས།།

བརྗོད་ཀྱང་བརྗོད་པའི་ཕར་མཐའ་བྲལ་བས་བརྗོད་པའི་མཐའ་ལ་འཛེགས་ནུས་མིན།།

 

གང་ཞིག་འདི་ན་བརྗོད་པ་དེ་དག་བྱུང་བ་དངོས་ཀྱི་གཞིན་རས་ངོས།།

མ་བཅོས་རང་བཞིན་མཛེས་པའི་གཤིས་ལ་ཕ་དང་མེས་པོའི་ཞེན་ཞུགས་ཏེ།།

དད་དང་འདུན་པའི་རླུང་གིས་བསྐུལ་བས་ཉམས་དང་སྒྱུ་རྩལ་འབུར་ཐོན་པའི།།

བསྟོད་དང་བསྔགས་པའི་སྙན་ཚིག་རྒྱ་མཚོ་གཡུང་དྲུང་དགྱེས་པའི་མཆོད་སྤྲིན་བསྟར།།

 

གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག སྨན་རི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ། བསྟོད་དང་བསྔགས་པའི་སྙན་ཚིག་རྒྱ་མཚོ་གཡུང་དྲུང་དགྱེས་པའི་མཆོད་སྤྲིན་བསྟར། ཞེས་པ་འདི་ནི་རིག་པའི་གྲོགས་པོ་ངེས་དོན་གྱི་གཡུང་དྲུང་བོན་གྱི་ཞིབ་འཇུག་པ་ཆེན་པོ་ཆོས་འཁོར་ཚང་ཉི་མ་འོད་ཟེར་མཆོག་གིས་ཇི་ལྟར་བསྐུལ་མ་མཛད་པ་བཞིན། ལོ་རྒྱུས་ཀྱི་ཐོག་ནས་ཆུ་དང་ཆར་པའི་དཔེ་བཞིན་འབྲེལ་བའི་མདོ་ཁམས་བེ་རི་རྒྱལ་པོའི་བཀའ་འབངས། དེང་སང་བོད་ཀྱི་སྙན་ངག་སྨྲ་བ་ཀུན་གྱི་མགོ་བོར། ཚིག་སྦྱོར་འདོད་རྒུར་བསྒྱུར་བའི་སྒྱུ་རྩལ་གྱི་གོམ་པ་སྤོ་བ་ལ་འཇིགས་པ་མེད་པའི་ངག་ལ་དབང་ཞིང་། མཚོ་བྱུང་དབྱངས་ཀྱི་རྒྱལ་མོའི་བྱིན་རླབས་སྙིང་ལ་སིམ་པ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས། རྡ་ས་གངས་སྐྱིད་རང་ཤག་ཏུ་ས་བྱི་(སྤྱི་ལོ་༢༠༠༨/༡༡ /༡༦ )ཉིན་གྱི་ཞོགས་པར་དད་ཞེན་ཟུང་དུ་འབྲེལ་ནས་དང་བ་ཆེན་པོས་གློག་ཀླད་དུ་སྤེལ་བ་དགེ་ལེགས་འཕེལ།།