ལོ་གསར་སྐབས་བལ་ཡུལ་དུ་བོད་དོན་ལས་འགུལ།
ཕྱི་ཟླ་༢ པའི་ཚེས་༢༥ བོད་ཀྱི་ལོ་གསར་ཚེས་༡ གི་སྡ་དྲོ་ཆུ་ཚོད་༦ པའི་ཐོག་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་རིའི་གྱང་ངོས་སུ་བོད་དུ་མི་གསོད་མཚམས་འཇོག་བྱེད་དགོས་ཞེས་ལྕགས་རྩི་སྔོན་པོས་བྲིས་ཡོད་པ་མ་ཟད། གྱང་ཁར་བོད་ཀྱི་རྒྱལ་དར་ཞིག་བཙུགས་ཡོད་པ་རེད། དེ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཞིག་ཡིན་ཕྱིར་ཉེན་རྟོག་པས་འཛིན་བཟུང་བྱེད་ཐུབ་མེད་པ་དང༌། དེ་བཞིན་བོད་ཚེས་༢༩ ཞོགས་པ་སྔ་པོ་རྒྱ་ནག་གཞུང་ཚབ་ཁང་གི་རྒྱ་སྒོའི་མདུན་དུ་ན་ནིང་བོད་བར་གོམ་བགྲོད་གཉིས་པ་འགྲོ་མཁན་ཚོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་རང་སྐྱོང་ལྗོངས་ཀྱི་དཔོན་པོ་བྱམས་པ་ཕུན་ཚོགས་གཉིས་ཀྱི་འདྲ་གཟུགས་རེ་བཟོས་ཏེ་དགུ་གླུད་ནང་དུ་བསྐྱལ་ཡོད་པ་རེད། ཉིན་དེའི་དགོང་མོ་སླར་ཡང་གཞོན་སྐྱེས་ཁག་གཅིག་གི་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་རིའི་ནང་དུ་དགུ་གླུད་བཟོས་ཏེ་གཡུགས་ཡོད་པ་རེད།། བལ་ཡུལ་གསར་འགོད་པས།