ཁ་སང་གི་མེས་པོ་དང་། དེརིང་གི་ང་ཚོ། སང་ཉིན་གྱི་བུ་རབས་ཚ་བརྒྱུད་དག

རྗེས་རབས་པ་དག་གི་ཆེད་དུ་ངེད་ཅག་གི་དེ་ལས་ཀྱང་མིག་དཔེ་ངན་པ་འཇོག་མི་རུང་བ་ ཡིན་དུས། ད་ལྟ་ང་ཚོ་བོད་དུ་སྐྱེས་པའི་འགན་ཞིག་ཡོད་པ་དེ་ནི་མི་རིགས་གཞན་གྱི་ལེགས་བྱང་ ང་ཚོས་ཚུར་ནང་འདྲེན་བྱེད་དགོས་པ་དང་རང་གི་ལེགས་བྱང་མི་ཉམས་གོང་འཕེལ་དང་དར་ རྒྱས་སུ་གཏོང་བའི་འགན་འཁྲི་དེ་དག་ང་ཚོའི་ཕྲག་པར་འབབ་པའི་ལས་འགན་ལྡོག་མེད་ ཡིན་པ་མི་རེ་ངོ་རེ་ནས་ཤེས་ཐུབ་དགོས་པ་མ་ཟད། ཕྱི་རྒྱལ་བ་དེ་ཚོས་གང་བྱས་པ་དེ་དག་ཡོད་ཚད་ཀྱང་བླ་ན་མེད་པ་ཞིག་ཡིན་པར་བསམ་ མཁན་གྱི་དེང་རབས་གཞོན་སྐྱེས་མང་བོ་ཞིག་གིས་རང་རིགས་སྤྱི་ཚོགས་ནང་དུ་ཕྱི་ རྒྱལ་བ་དག་གི་ལེགས་བྱང་གདན་འདྲེན་བྱེད་མ་ཐུབ་པར་མི་དགོས་པའི་ཆལ་སྤྱོད་དང་ གཏོང་བཤིག ངོ་ལོག་གི་ལྟ་བ་སོགས་དགོས་མིན་རིན་མེད་ཀྱི་ཆལ་སྤྱོད་མང་བོ་ཞིག་ལ་གོམ་འདྲིས་ བརྟེན་བཞིན་ཡོད་པ་དེ་དག་ནི། ང་ཚོས་རང་གི་བུ་རབས་ཚ་བརྒྱུད་དག་ལ་འགན་མ་ཆགས་པ་དང་མེས་པོ་དག་གི་རླབས་ཆེན་ གྱི་དགོང་གཞི་བླ་མ་མེད་པ་དེ་དག་མ་རྟོགས་པའི་ཉེས་པ་ཁོ་ནར་ཡིན་དུས། ང་ཚོས་རང་གི་རིགས་ཀྱི་ནོར་འཁྲུལ་ཡོད་པ་དེ་དག་ཐེར་འདོན་བྱེད་ཞོར་དུ་རང་གི་ རིགས་ཀྱི་ཆེས་བླ་ན་མེད་པའི་མིའི་རིགས་ཀྱི་དགོས་དོན་སྐོང་ཐུབ་པའི་ལེགས་བྱང་ གི་རིན་ཐང་ཡོད་ཚད་ངོས་ཟིན་ཐོབ་པ་བྱེད་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཆགས་ ཡོད་པ་རེད། ང་ཚོས་རང་རིགས་ཀྱི་སྐད་ཡིག་འདི་ཉིད་ཕྱུག་པོར་ཡིན་པར་རློམ་གྱི་ཡོད་པ་དེ་ཙམ་ གྱིས་གཏན་ནས་མི་ཡོང་། སྐད་ཡིག་དེ་ཉིད་ཕྱུག་པོ་ཡོད་ས་དེ་ནི་ནང་ཆོས་གཅིག་བུ་སྤྱོང་བྱེད་དང་སྙན་ངག་ དང་རྩོམ་ཡིག་ཐར་ཐོར་རེ་འབྲི་བྱེད་ཙམ་ཁོ་ན་མ་ཡིན་པའི་བདེན་དབུང་ང་ཚོས་བྱེད་ དགོས་ཀྱི་ཡོད། དཔེར་ན་སྔོ་ཚལ་དང་ཤིང་ཏོག་གི་རིགས་མང་བོ་ཞིག་ལ་ད་ལྟའི་འཆར་ང་ཚོ་བོད་པ་ཚང་ལ་ མིང་ཚིགས་ཀྱི་མ་འདང་བ་མང་བོ་ཞིག་ཡོད་པ་ནི་མེད་པ་ཡོད་པ་བཟོ་དགོས་རྒྱུ་དེ་ནི་ ངེད་ཅག་གི་ད་ལྟའི་ལས་འགན་ལྡོག་མེད་དང་མེས་པོ་དག་ལ་ངོ་གནོང་མི་དགོས་པ་དང་ ཕྱི་རབས་པ་དག་ལ་ཡ་ང་མི་དགོས་པ་དེ་རེད། དེ་མིན་ཁ་ནས་ཡོང་ཚད་དང་ཉིན་མ་གང་ཆོད་ཙམ་བྱས་དེ་དྲ་ཐོག་ནས་ཕན་ཚུན་ལ་སྐྱོན་ བརྗོད་རེ་བྱོས་དེ་བསྡད་པ་ཡིན་ན་ནི་ངེད་ཅག་གི་ལས་དོན་མ་འགྲུབ་པ་རེད་ལ། བོད་ཡིག་ཕྱུག་པོ་ཡིན་ཟེར་ནས་སྟོང་སྐད་བསྒྲགས་པ་ཙམ་དུ་འགྱུར་རྒྱུ་ནི་གདོན་ མི་ཟ་བ་ཡིན། དེས་ན་ངེད་ཅག་གི་རང་རང་གི་ས་ནས་མིང་ཚིགས་གཅིག་ཡིན་ཡང་ནང་བསྒྱུུར་བྱེད་པར་ འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་ནས་དྲ་ཐོག་ནས་དྲ་ཚིགས་སོ་སོ་ལ་བསྐུར་ནས་དཔྱད་པ་བཏང་ན་འགྲིག་གི་རེད། དེ་ལྟར་ངེད་ཅག་གིས་དེ་རིང་གི་ང་ཚོ་ཡིན་པ་འགན་འཁུར་དགོས་ཀྱི་འདུག