རྒྱ་ནག་གི་དམག་དཔུང་ཞི་བདེ་སྲུང་སྐྱོབ་བྱེད་མཁན་ཡིན་ཟེར།

ང་ཚོས་བདེ་འཇགས་ཀྱི་ཆེད་དུ་འགྲོ་གྲོན་ག་ཚོད་བཏང་ཡོད་མེད། ཕྱི་ལོ་ ༢༠༠༧ ནས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་གསན་ཞུ་བཞིན་ཡོད་ཅེས་དང༌། དམག་དཔུང་གི་སྟོབས་ཤུགས་ཡར་རྒྱས་གཏོང་བཞིན་པ་འདི་རྒྱལ་ཁབ་གཞན་ལ་འཇིགས་སྐུལ་དང་བཙན་གནོན་གྱི་དམིགས་ཡུལ་སོགས་གང་ཡང་མེད་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།
    རྒྱ་ནག་གིས་དམག་དཔུང་ཁང་ལ་འགྲོ་གྲོན་ཕོན་ཆེན་བཏང་པ་འདིས། རྒྱ་གར་གཞུང་ལ་སེམས་འཚབ་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་ཡོད་པ་དང༌། དེ་ཡང་རྒྱ་གར་གཞུང་གིས་ཉིས་སྟོང་ ༨ དང་ ༩ ལོ་གྲངས་གཉིས་ཀྱི་རིང་ལ། དམག་དཔུང་ཁང་ལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༢༠་༦ ཙམ་ལས་བཏང་མེད་པ་དང༌། རྒྱ་གར་གཞུང་གིས་དམག་དོན་ལ་བཏང་པའི་ལོ་ ༢ ཀྱི་འགྲོ་གྲོན་དེ། རྒྱ་ནག་གི་དམག་དོན་ལྷན་ཁང་གི་ལོ་ ༡ གཅིག་གི་འགྲོ་གྲོན་གྱི་སུམ་ཆ་གཅིག་ལས་ཟིན་གྱི་མེད་འདུག་ལ། རྒྱ་དཀར་ནག་གཉིས་ཀྱིས་དམག་དཔུང་ཁག་ལ་འགྲོ་སོང་བཏང་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས། ཨ་རི་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་ལ་དམག་དཔུང་གི་འཆར་འགོད་ཆུང་དུ་གཏོང་དགོས་པའི་རེ་སྐུལ་དང་སྡིག་ར་སྣ་ཚོགས་བྱས་ཡོད་ཀྱང༌། ད་ལྟའི་བར་རྒྱ་ནག་ལ་འགྱུར་ལྡོག་སོང་མེད་སྐོར་གྱི་གནས་ཚུལ་གསར་ལམ་ཁག་ཏུ་སྤེལ་འདུག།