མི་མང་གི་མཛད་སྒོ་རེད་དམ་རྟེན་འབྲེལ་རེད།
ཚོགས་ཆེན་ཐོག་སྲིད་བློན་ཝིན་གྱིས། རྒྱ་ནག་གི་ཁྲོམ་ར་དུས་ཚོད་ཐུང་ངུ་ཞིག་ནང་ཉམས་གུད་ཧ་ཅང་ཆེན་པོ་སོང་ཡོད་པས། དབུས་དཞུང་གིས་ཉམས་གསོའི་མ་རྩ་ཨ་སྒོར་ཐེར་འབུམ་༥༨༥ བཞག་གཏན་འཁེལ་ཡོད་ཅིང༌། དམར་ཕྱོགས་ཚོགས་པའི་དཔོན་རིགས་ཚོས་ཉམས་གསོའི་མ་དངུལ་དེ་ཡིས་ལས་ཤོར་བ་ས་ཡ་༩ ལ་ལས་ཀ་མཁོ་སྤྲོད་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་སྐོར་དང༌། སྤྱིར་རྒྱ་ནག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་རུང༌། འདི་དང་མཉམ་དུ་མི་འབོར་ཐེར་འབུམ་༡་༣ ཡང་མཉམ་དུ་འཚོ་བ་འཁྱོལ་དགོས་དུས། རྒྱལ་ཁབ་ཀྱི་དབུས་དང་མཐའ་གཉིས་ལ་ཕྱོགས་སུ་མ་ལྷུང་བའི་བསམ་བློ་གཏོང་དགོས་པ་མ་གཏོགས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་དེང་སྐབས་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་ཡོད་ཅེས་བཤད་ཡོད་པ་རེད།
དེ་བཞིན་ཁོང་གིས་ཐེ་ཝན་གྱི་གནད་དོན་ཐད་ལ་གལ་གནད་ཆེན་པོའི་རྣམ་འགྱུར་བསྟན་ནས། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་དབར་དོན་ཕན་ལྡན་པའི་ཞི་མོལ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ཚུལ་དང༌། ཐེ་ཝན་གྱི་ཁྲོམ་ར་ལ་སྐམ་ས་ཆེན་པོའི་འབྲེལ་ལམ་གལ་ཆེན་ཆགས་ཡོད་ལ་སྐམ་ས་ཆེན་པོའང་དེ་བཞིན་གནས་ཡོད་ཅེས་དང༌། འཛམ་གླིང་སྟེང་རྒྱ་རིགས་གཅིག་མ་གཏོགས་གཉིས་མེད་ཚུལ་བཤད་དེ། ཐེ་ཝན་རང་བཙན་རྩོད་ལེན་པ་སོགས་ལ་ངོ་རྒོལ་གྱི་སྐད་ཆའང་བཤད་ཡོད་པ་རེད་ཅེས་དང༌། སྲིད་བློན་ཝིན་ཅཱ་པའོ་ཡིས་ཆུ་ཚོད་༢ རིང་གི་གཏམ་བཤད་ནི་ཧ་ཅང་ཉོབ་སྣང་ཅན་ཞིག་རེད་འདུག་ལ། ཚོགས་ཞུགས་པ་འཐུས་མི་ཚོའི་མགོ་བོ་དུད་པ་དང་མིག་གཉིས་ཀྱང་རང་བཞིན་གྱིས་ཟུམ་བཞིན་འདུག འཐུས་མི་རེ་རེའི་མདུན་དུ་བཞག་ཡོད་པའི་ཤོག་ལྷེ་དཀར་པོ་དེ་དག སྲིད་བློན་ཝིན་གྱི་གཏམ་བཤད་དང་ལྷན་དུ་བརྗེ་བསྒྱུར་བྱེད་སྐབས། ཡངས་ཤིང་རྒྱ་ཆེ་བའི་ཚོགས་ཁང་ནང་ཤོག་བུའི་སྒྲ་ལས་གཞན་གང་ཡང་གོ་རྒྱུ་མི་འདུག་ཅིང༌། འཐུས་མི་དེ་དག་ངེས་པར་དུ་པེ་ཅིང་དུ་འབྱོར་ནས་ཚོགས་ཞུགས་བྱེད་དགོས་ཀྱང༌། ཚོགས་ཐོག་གི་བརྗོད་དོན་རྣམས་དབུས་གཞུང་གིས་སྔར་ནས་ཐག་གཅོད་ཟིན་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།