ཁང་ཤུལ།

 རྒྱལ་པོའི་ཕོ་བྲང་ཞིག་པའི་གྱང་རོ་གསེབ།།

གསེར་ཤན་དངུལ་ཚགས་ཅན་གྱི་གསོལ་ཅོག་ཐོག།

ཨ་རས་རྩྭ་རྡུལ་བསགས་པའི་གད་སྙིགས་ནང༌།།

བཙུན་མོའི་ཚིགས་ཁོག་གོན་པའི་མཛུབ་མོ་མཐོང༌།།

 

དགུང་ཀའི་མུན་པ་གཡོ་བའི་སྲོད་ལྗོངས་སུ།།

ལྷོ་རླུང་བསིལ་པོ་ལྡང་པའི་མཚོ་འགྲམ་ནས།།

འཕྱོ་སྒྲའི་རླབས་ཀྱི་སྐྱོ་གདུང་འཕུར་བའི་རུམ༎

འདས་སོང་རྒྱལ་པོའི་རྣམ་ཤེས་རླུང་གིས་བདས།།

 

ཟླ་འོད་མག་མོག་སྤྲིན་པའི་རུམ་དུ་བསྟིམས༎

སྐར་མའི་ཁྲ་ཚོམས་སྲན་ཕུང་གཞིན་དུ་འཐོར༎

མཚན་བྱས་ཀྱུར་སྐད་འབྱིན་པའི་བས་མཐའ་ན༎

མེས་པོའི་བང་སོ་ཞིག་པའི་གྱང་རོ་འབུར༎

 

དྭངས་གཙང་རྫིང་བུ་སྦལ་བའི་གྲོང་དུ་གྱུར༎

ཡིད་འོངས་ལྡུམ་རྭ་རྩྭ་ལྡུམ་སྐམ་པོས་ཁེངས༎

ལྗོན་པའི་སྡོང་ལོ་སྟོན་མཇུག་རླུང་གིས་ཁྱེར༎

ཁང་བྱིའུ་གུད་པའི་སྐྱོ་གླུ་དབྱངས་སྙིང་ལ་གཟེར༎

 

མཚན་སྙན་འཇའ་གུར་མི་མངོན་དབྱིངས་སུ་ཡལ༎

སྟོབས་འབྱོར་ཆུ་ཡི་གཉེར་མ་མཚོ་ལ་ཐིམ༎

ད་ནི་ཆུ་བུར་མིག་གི་སྒོ་འགྲམ་ན༎

ལྷག་མར་ལུས་པ་སྐྱོ་བའི་དྲན་ཤིངཙམ༎

 

ཀྱེ་མ་ཀྱེ་ཧུད་གནམ་གྱི་དཀོན་མཆོག་ལགས༎

དེ་སྔོན་གནམ་མཐར་འདྲེས་པའི་གྲོང་ཁྱེར་དེ༎

ད་ཀོ་དབེན་འཇགས་མི་མེད་ལུང་སྟོང་གི།

སྐྱོ་བའི་དུར་ས་གྱུར་པ་ཅི་ཞིག་ཡིན། །

སྤྱི་ལོ་ 2007་ཟླ་བ་ 4་ཚེས་ 15་ཉིན་བྲིས།