ཁམས་དཀར་མཛེས་ཁུལ་དུ་རྒྱ་རྒོལ་དང་འཛིན་བཟུང༌།

དེ་ནི་ཕལ་ཆེར་སྔོན་མ་ཉེས་རྡུང་བཏང་བའི་སྲིད་ཇུས་དེ་ལེགས་འགྲུབ་མ་བྱུང་བར། དེ་ལས་ལྡོག་སྟེ་བོད་པ་མང་པོའི་སེམས་ལ་ན་ཚ་བཟོས་ནས་ཡར་ལངས་མུ་མཐུད་ནས་ཡོང་གི་ཡོད་རྐྱེན་སྲིད་ཇུས་ལ་འགྱུར་བ་བཏང་བ་ཞིག་མིན་ནམ་སྙམ་གྱི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་གསུངས་སོང༌། དེའི་རྗེས་སུ་ཡང་བསྐྱར་གྲྭ་པ་གཉིས་ཀྱིས་སྐད་འབོད་བྱས་པ་དང༌། དེའི་རྗེས་ཙམ་ནས་ཡང་བསྐྱར་བུ་གསུམ་གྱིས་སྐད་འབོད་བྱས་འདུག ཕྱི་ཚེས་༦ ཉིན་ཡང་བསྐྱར་བུ་གཅིག་གིས་སྐད་འབོད་བྱས་ནས་འཛིན་བཟུང་བྱས་ཡོད་འདུག འོན་ཀྱང་དེ་དག་གི་མིང་དང་ད་ལྟའི་གནས་སྟངས་ག་འདྲ་ཡིན་མིན་སོགས་གསལ་པོ་ཤེས་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང༌། སྤྱིར་ད་སྐབས་དཀར་མཛེས་ཁུལ་དུ་དམག་མི་ཧ་ཅང་མང་པོ་བཀྲམས་ཡོད་པ་དང༌། རྒྱུས་མེད་ཅིག་གིས་ལྟས་ན་ད་ལྟ་རང་དམག་འཁྲུག་རྒྱག་གི་རེད་བསམ་པ་ཞིག་འདུག་ཟེར། དེ་མ་ཚད་མི་མང་ལ་གཞུང་གིས་བཙན་བཀའ་བཏང་ནས་གཞས་འཁྲབ་དགོས་ཟེར་བ་དང༌། མ་འཁྲབ་ན་ཆད་པ་གཅོད་ངེས་ཡིན་ཞེས་པ་སོགས་སྡིག་ར་བསྐུལ་ཡང་བོད་མི་རྣམས་ཀྱིས་དེ་ལ་ཉན་འཇོག་མ་བྱས་པ་མ་ཟད། བོད་མི་འདས་གྲོངས་ཕྱིན་པ་དང༌། བཙོན་དུ་བཅུག་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་བྱེད་དགོས་ཚུལ་གྱི་སྦྱར་ཞིག་ཀྱང་བཀྲམས་པའི་གནས་ཚུལ་འདུག དར་རྒྱུས་དགོན་པའི་ཕྱོགས་སུ་གཞས་འཁྲབ་དགོས་པའི་བཙན་བཀའ་གཏོང་བཅུག་གི་ཡོད་འདུག།