དོ་རྒྱལ་ལོ་གསར་དང་བཀའ་ཁྲིའི་བཀའ་སློབ།

ལོ་ནག་ཉིས་སྟོང་བརྒྱད་ནི་ང་ཚོའི་སེམས་སུ་གསལ་བ་བཞིན་ང་ཚོའི་སྤུན་ཟླ་སྟག་འདྲ་གཟིག་འདྲ་དག་གི་ཟུངས་ཁྲག་ས་ལ་གཏོར་ཞིང༌། ལྕགས་སྒྲོག་དྲུད་ནས་བཙོན་ལ་བཞུད་པའི་ལོ་ནག་དེ་རེད། ལོ་ནག་འདིར་ང་ཚོར་ཤི་སྡུག་གསོན་སྡུག་གཉིས་ཀ་ཡོད། ལོ་ནག་འདིར་ང་ཚོས་ཧ་བོ་ལས་སྡུག་ཅེས་ངུ་རྒྱུ་ལས་བཀྲ་ཤིས་བདེ་ལེགས་ཞེས་དགོད་རྒྱུ་ཞིག་གང་ན་ཡོད། ཡིན་ནའང༌། ས་འདིའི་དོལ་རྒྱལ་བ་ཚོས་བོད་ཟླ་དང་པོའི་ཚེས་གཅིག་ཉིན་བཀྲ་ཤིས་བདེ་ལེགས་ཞེས་ཀི་ལྡིར་བྱས་ཏེ་སླར་ཡང་བོད་མི་ཚོའི་སྙིང་ལ་མེ་དང་སེམས་ལ་ཆུ་འཁྱག་ཕྱར་ཡོད། འདི་ལྟར་ང་ཚོ་དང་ཤ་རུས་ཁྲག་རྒྱུད་གཅིག་པའི་སྤུན་ཟླའི་རིགས་ཤིག་གིས་རྒྱ་དམར་གྱི་བྱ་སྤྱོད་བསྟན་ནས་ཐུབ་ཚོད་དང་བརྙས་བརྐོ་བྱས་པ་འདི། རྒྱ་དམར་ཚང་གི་དམར་གསོད་ལས་ཀྱང་ན་ཟུག་ཆེ་ལ་ཞེ་སྡང་ལངས་པ་ཞིག་རེད། འདི་ཚོས་བོད་མི་ཚོར་མི་འདོད་པ་དང་ཞེ་སྡང་བསླངས་པ་འདི་ཙམ་ག་ལ་ཡིན། འདས་ལོ་བོད་ནང་གི་སྤུན་ཟླ་ཚོ་དམར་གསོད་དང་ཁྲིམས་བཅུག་སོགས་ཀྱིས་སྐབས་དག་ལ་ས་འདིའི་སྐྱ་སེར་ཡོངས་སུ་རྫོགས་པ། གཞིས་གྲོང་དང་པོའི་མཆོད་རྟེན་ཐང་ལ་འདུས་ནས་མར་མེ་ཁྲོམ་སྐོར་དང༌། བསྔོ་སྨོན། ཞབས་བརྟན་བསོག་སྒྲུབ་བྱས་རྗེས། ནམ་རྒྱུན་མཚན་གྱི་ཆུ་ཚོད༩།༠༠བར་དུ་ལྷག་གིན་ཡོད་ལ། དེ་འདྲ་ཞིག་ལ་བྱང་ཆུབ་སེམས་མཆོག་མའི་ངུ་ངག་སྟོར་སྟོར་ཕྱིར་གྲྭ་ཤག་ལ་འབྱོར་སྐབས། དོལ་རྒྱལ་བ་ཚོ་གོ་མེད་ཚོར་མེད་ངང་ཁྱོད་ཚོར་སྡུག་གྱོང་ལྟ་བུ་ཞིག་གི་རྣམ་པར་ར་སྐོར་ནང་ནས་སྐྱོར་སྦྱང་གི་དབྱངས་རྟ་ཇེ་མཐོ་དང་བག་ལྷོད་ཀྱི་རྣམ་པ་མངོན་གསལ་དུ་སྟོན་ཐེངས་རཻར། བྱང་ཁོག་གྲང་ཤུར་རེ་སེམས་པར་ཙག་ཤུད་ཤུད་བྱས་པ་ཐེངས་གཅིག་དང་གཉིས་མིན་ལ། བྱ་སྤྱོད་འདི་དག་གིས་འདི་ཚོ་དང་ཐག་ཉེ་བའི་བོད་མི་ཚོའི་སེམས་ལ་སྐྲན་འབུར་ཆེན་པོ་དང་ན་ཟུག་ཆེན་པོ་སྤྲད་ཡོད།
སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་གོང་མས། མ་འོངས་པར་རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་ན་ང་ཚོའི་ཚེ་འདི་ཕྱི་གཉིས་མ་འགྲིག་པ་རེད། སྐུ་མདུན་དང་དོལ་རྒྱལ་གཉིས་ལས་སྐུ་མདུན་འདེམས་དགོས་པ་རེད། སྐབས་དེར་དོལ་རྒྱལ་གཡུགས་ཞོག་དེར་ཉེན་ཁ་ཡོད་པ་མ་རེད་ཅེས་མ་འོངས་མངོན་གཟིགས་ཀྱིས་བཀའ་སློབ་བསྩལ་ཡོད་རབས་གོ་རྒྱུ་ཡོད་ནའང༌། འདི་ཚོས་ད་དུང་དོལ་རྒྱལ་འདེམས་པ་རེད། ཁྱེད་ཚོས་ལྟོས་དང་འདི་ཆོས་ལུགས་ཀྱི་གནད་དོན་ཙམ་ཞིག་རེད་དམ། འདི་ལ་ྋགོང་ས་སྐྱབས་མགོན་ཆེན་པོས་ན་ནིང་བློ་གླིང་འདུ་ཁང་སྒོ་འབྱེད་སྐབས། དོལ་རྒྱལ་བསྟེན་མཁན་ཚོ་དངོས་གནས་བྱས་ན་རྒྱ་གར་ལ་ཡོང་དགོས་པ་མི་འདུག ང་ཚོ་རྒྱ་གར་ལ་ཡོང་མཁན་ཚོ་རྒྱ་ནག་གཞུང་གི་སྲིད་ཇུས་འགྲིག་གི་མི་འདུག་བསམས་ནས་ཡོང་བ་རེད། དོལ་རྒྱལ་བསྟེན་མཁན་ཚོར་རྒྱ་ནག་གཞུང་གིས་བདག་པོ་བརྒྱབས་ནས་དམིགས་བསལ་ལྟ་རྟོག་བྱེད་ཀྱིན་འདུག ལྟ་རྟོག་བྱེད་མཁན་ཡོད་སར་ཕྱིན་ན་ཡག་ཤོས་རེད་ཅེས་དང༌། དོལ་རྒྱལ་བསྟེན་མཁན་ཚོས་མི་གསོད་ཀྱི་ཡོད་པ་རེད། ཉེས་རྡུང་གཏོང་གི་ཡོད་པ་རེད། སྡིག་ར་སྐུལ་གྱི་ཡོད་པ་རེད། ཡིན་ནའང༌། རྒྱ་ནག་གུང་ཁྲན་ཏང་ལ་མགོ་བཏགས་རྒྱུ་ནི་དངོས་གནས་ཡ་མཚན་རེད། ཅེས་བཀའ་བསྩལ་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་ཀྱང་དེ་མཚུངས་ཀྱི་བཀའ་སློབ་ཕེབས་ཡོད་ལ། བོད་ཀྱི་སྐུ་ཚབ་ཐེངས་དྲུག་པ་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་གོང་ས་མཆོག་ལ་ནག་ཁྲ་བཙུགས་ཡོད།
ཟུར་བཀོད། བོད་ཟླ་དང་པོའི་ཚེས་གཅིག་ཉིན་བཀའ་ཁྲི་མཆོག་སྦེལ་ཀོབ་རྒྱལ་བའི་ཕོ་བྲང་ནང་དུ་ཕེབས་ཡོད་ལ། སྐབས་དེར་བཀའ་བློན་ཁྲི་བ་མཆོག་གིསབོད་པའི་སྤྱི་ཚོགས་ནང་ལ་སྨོན་ལམ་ལོག་པའི་དབང་གིས་དཀའ་ངལ་ཅིག་འཕྲད་བསྡད་པ་དེ་དོལ་རྒྱལ་སྐོར་རེད། སྔོན་མ་ང་འདིར་བཅར་དུས་སྐབས་ལ་དོལ་རྒྱལ་སྐོར་ལ་རྙོག་དྲ་མང་པོ་ཡོད་བསྡད་པའི་སྐབས་ཤིག་རེད། ད་རེས་འདིར་བཅར་བའི་སྐབས་ལ་ཁ་དང་ཁ་སྤུ་སོ་སོ་བྱས་ནས་ཚང་མ་གཙང་མ་ཡག་པོ་ཆགས་བསྡད་པའི་སྐབས་ཤིག་ལ་སླེབས་པ་རེད། དེ་འདྲ་ཡིན་ཙང༌། ངས་མང་ཚོགས་ལ་འདིའི་ཐོག་ལ་ཁྱེད་རང་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་བསྟུན། བླང་དོར་གཤིས་ཕྱིན་པ་བྱས་ནས༌། འབད་རྩོན་ཡག་པོ་བྱས་ནས་ད་ལྟ་གྲུབ་འབྲས་ཆེན་པོ་ཐོན་པ་དེ་ལ་བསྔགས་བརྗོད་ཡོད། ད་དུང་ཡིན་ནའང་མུ་མཐུད་ནས་ད་ལྟ་གཙང་མ་བྱས་ཟིན་པ་དེ་གནས་ཐུབ་པ་ཞིག་ཐལ་མོ་བརྡབསདགོས་པ་དེ་གལ་ཆེན་པོ་རེད་ཅེས་དང༌། ལྷག་པར་དུ་ཧི་མ་ལའི་རི་རྒྱུད་ཀྱི་གྲྭ་བ་ཚོས་ཤུགས་ཆེན་པོས་ཆ་ཤས་བླངས་ནས་ཕྱག་ལས་གནང་བ་དེ་ང་ཚོས་ཤེས་ཀི་ཡོད། རྗེས་སུ་ཡི་རངས་ཡོད༌། བསྔགས་བརྗོད་ཡོད་མ་འོངས་པ་ལ་ཡང་མུ་མཐུད་ནས་གནང་དགོས་ཀི་རེད་བསམས་ཀིཐལ་མོ་བརྡབས༽ཅེས་དང༌། དེ་དང་དེ་མཚུངས་ལས་དོན་འདི་ཚོའི་ཐད་ལ་གང་ཟག་སྒེར་གི་ཐོག་ནས་འབད་བརྩོན་བྱས་ཡིན་ནའང་འདྲ། མི་ཁ་ཤས་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་བྱས་ནའང་འདྲ་འདུག སྒྲིག་འཛུགས་ཀྱི་ཐོག་ནས་འབད་བརྩོན་བྱས་པ་ཡིན་ནའང་འདྲ་འདུག དེ་ཚོ་ཚང་མ་ལ་ཡི་རངས་བསྔགས་བརྗོད་ཡོད་པ་ཙམ་དུ་མ་ཟད། མ་འོངས་པ་ལའང་མུ་མཐུད་ནས་གནང་དགོས་པ་དེ་གལ་ཆེན་པོ་དང་ཐུགས་བརྩོན་གནང་རོགས་ཞེས་བཀའ་བསྩལ་བ་མ་ཟད། དོལ་རྒྱལ་རྗེས་འབྲང་བ་དེ་ཚོ་བོད་པའི་མིའི་ནང་ནས་བུད་ཡོད་པ་མ་རེད། བོད་པའི་མི་ཞིག་རེད། སྐྱབས་བཅོལ་བ་ཞིག་རེད། དེ་འདྲ་ཡིན་ཙང་བོད་མི་སྐྱབས་བཅཽལ་བ་ལ་ས་ཆ་ཐེབས་ཀི་ཡོད་པ་དེ་ཁོ་ཚོ་ལ་རེག་བསྡད་ཡོད་པ་རེད། བོད་མི་སྐྱབས་བཅོལ་བ་སྤྱི་དང་སྤྱི་མཚུངས་ཞིག་འགྲོ་གི་ཡོད་པ་དེ་གཞུང་གི་ངོས་ནས་ལྟ་ཕྱོགས་དེ་དེ་ག་རང་རེད། ཡིན་ནའང༌། ཆོས་ཀྱི་ཕྱོགས་ནས་དགེ་འདུན་གྱི་སྡེ་ནང་ཡིན་པ་ཡིནའང་འདྲ་འདུག སྐྱབས་མགོན་རིན་པོ་ཆེའི་གསུང་ཆོས་ནང་བཅར་བ་ཡིན་པ་ཡིན་འང་འདྲ་འདུག དེ་ཚོ་གཏན་ནས་མ་འགྲིག་པ་ལོགས་ཀ་བྱེད་དགོས་པ་དེ་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཆགས་ཀི་ཡོད་པ་ཡིན་ཙང༌། ཆོས་ཀྱི་འདུལ་བ་དང་མཐུན་པར་ཕྱག་ལས་གནང་བ་དེ་སུ་ཡིན་ནའང་རྒྱབ་སྐྱོར་ཞུ་དགོས་པ་ཞིག་དང༌། སུ་ཡིན་ནའང་དེ་ལ་བསྔགས་བརྗོད་བྱེད་དགོས་པ་ཞིག  དཀའ་ངལ་འཕྲད་པ་ཡིན་ནའང་དཀའ་ངལ་དེ་གདོང་ལེན་གནང་སྔར་ཡོད་པ་རེད། མ་འོངས་པ་ལའང་གནང་རོགས་གནོང༌།ཅེས་བཀའ་བསྩལ་ཡོད།
བཀའ་བློན་ཁྲི་བའི་བཀའ་སློབ་སྔ་མ་དག་གི་སྐབས་སུ་མི་མང་གིས་ཐལ་མོ་བརྡབས་ནས་བསྔགས་བརྗོད་དང་རེ་མོས་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་ནའང༌། བཀའ་སློབ་ཕྱི་མ་དེ་ཕེབས་རྗེས་མི་མང་གི་བྱང་ཁོག་སྟོད་ལ་མངོན་པར་མི་གསལ་བའི་དྲི་རྟགས་ཆེན་པོ་རེས་ལྗིད་ཡོར་སེ་མནན་ཡོད།