དེ་རིང་གི་མཐོང་སྣང༌།
ཞོགས་ཟས་མ་ཟོས་ཐུག་ལྷག་ཕོར་གང་བཏུང༌།།
སྒ་སྨུག་མར་དང་འོ་མ་བསྲུབས་པའི་ཇ།།
སྒྲོང་གིན་སྒྲོང་གིན་གློག་ཀླད་ཁ་སྒོ་ཕྱེས།།
བོད་ཡིག་གསར་འགྱུར་དྲ་རྒྱའི་ནང་དུ་འཛུལ།།
ཁུངས་ལུང་ཡོད་མེད་གསར་འགྱུར་འདྲ་མིན་མཐོང༌།།
ཅི་མ་ཡིན་ལ་ཆུ་ཚོད་བཅུ་གཉིས་ཟིན།།
མདང་གི་ཐུག་ལྷག་ཡང་བསྐྱར་ཚ་ནས་བཏུང༌།།
ཁ་ངོ་བཀྲུས་ནས་གྲོགས་ཚོགས་ནང་ལ་བཅར།།
ལ་ལ་སྐམ་ཞིང་ལ་ལ་རྒྱག་པ་དང༌།།
འགའ་ཞིག་ཐུང་ལ་འགའ་རེ་རིང་བ་དང༌།།
ཁ་ཅིག་ཕྲ་ལ་གཞན་དག་སྦོམ་པ་དང༌།།
རེ་གཉིས་དཀར་ལ་ཕལ་ཆེར་ནག་པ་སོགས།།
རིང་ཐུང་སྦོམ་ཕྲ་དཀར་ནག་མི་མཉམ་པའི།།
ཟླ་ཤས་མ་མཇལ་གྲོས་ཚོགས་འཐུས་མི་ཚོ།།
དེ་རིང་ཉིན་མོར་དྷ་སའི་གྲོས་ཚོགས་ནང༌།།
ཐོལ་རྒྱབ་རྒོལ་རྒྱབ་སླར་ཡང་ཐེངས་གཅིག་མཇལ།།
གྲལ་བསྟར་གསར་པ་སྒྲིག་པའི་ཚོགས་རའི་ནང༌།།
ཚོགས་གཙོ་གསར་པ་འཁེལ་བའི་ཚོགས་དབུས་ནས།།
གཏམ་བཤད་གསར་པ་སྤེལ་པའི་གདེང་ཆ་ལ།།
ཚོར་སྣང་གསར་པ་འཆར་བའི་སྣང་བརྙན་མང༌།།
ཚོགས་གཙོའི་གཏམ་བཤད་ཐོག་མར་སྤེལ་བ་དང༌།།
ཤིང་གི་ཐོ་བ་ཤིང་གི་ཡུ་བ་ཅན།།
ཤིང་གི་ལྕོག་ཙེ་སྒང་ལ་རྡུང་བའི་སྒྲ།།
རྣ་བའི་རྒྱལ་མོའི་ཕང་པར་ཁད་ཀྱིས་ལྷུང༌།།
གླིང་བུའི་ལམ་ནས་བོད་ཀྱི་རྒྱལ་གླུ་གཏོང༌།།
གཏམ་བཤད་ལམ་ནས་ཚོགས་འདུའི་ངོ་སྤྲོད་གནང༌།།
བོད་དོན་གཉན་འཕྲང་ཆེ་བའི་ཆབ་སྲིད་དང༌།།
རིག་གཞུང་ཉམས་གསོའི་གྲོས་ཆོད་དགོས་པ་གླེང༌།།
སྲོལ་རྒྱུན་སོ་ནམ་བྱེད་ཕྱོགས་ཇི་དགེ་བཅས།།
ཕྱོགས་སྡོམ་བྱས་པའི་དོན་ཚན་ཁག་གསུམ་དང༌།།
གཞུང་འབྲེལ་ཁྲིམས་བཟོ་དོན་ཚན་འགའ་ཞིག་བཅས།།
གྲོས་ཚོགས་འདི་ཡི་གླེང་གཞིར་མདོ་བསྟན་གནང༌།།
དེ་རྗེས་གཞུང་འབྲེལ་མྱ་ངན་གྲོས་འཆར་འདོན།།
མྱ་ངན་ཚར་ནས་དཔལ་འབྱོར་བཀའ་བློན་གྱིས།།
བཙན་བྱོལ་གཞུང་གི་སྔོན་འགྲོའི་གཏམ་བཤད་སྤེལ།།
ཚོད་དཔག་ཚོགས་གཙོས་སྙན་ཐོ་སྙན་སྒྲོན་ཞུས།།
ཨ་རིའི་དཔལ་འབྱོར་གད་ཆགས་ཐེབས་ན་ཡང༌།།
མི་ལའི་བྲག་ཕུག་རྐུན་མས་མི་འཕྲོག་པས།།
བཙན་བྱོལ་གཞུང་གི་དཔལ་འབྱོར་གནས་བབ་ལ།།
རེ་ཞིག་ཆག་གྲུམ་མེད་པར་ལྷིངས་འཇགས་གནས།།
ཚོགས་རའི་ནང་དུ་སྙན་སྒྲོན་ཚར་མ་ཐག།
གསོལ་ཇ་བར་སིང་གཏོང་ལོངས་མ་བྱུང་གོང༌།།
དེ་རིང་ལས་དོན་དེ་གས་རྫོགས་སོང་ཞེས།།
ཚོགས་འདུ་གྲོལ་ནས་རྒྱུན་ལས་ཟུར་ཚོགས་བྱས།།
༢༠༠༩།༣།༩།གྲོས་ཚོགས་སུ་བྲིས་ནས་རྒྱུན་ལས་ནང་མཇུག་རྫོགས་པར་བྱས།
