3.10 དུས་དྲན་ཐེངས་༥༠ པའི་དུས་དྲན་སྲུང་བརྩི།
རྒྱ་རིགས་ནང་ནས་བོད་དོན་དེ་བདེན་པ་ཡིན་པ་དང༌། ང་ཚོའི་དཀའ་ངལ་སེལ་ཐབས་དེ་ཡང་གཅིག་རྒྱལ་གཅིག་ཕམ་ཟེར་བ་མིན་པར།གཉིས་སྨན་གྱི་ཐོག་ནས་རྒྱ་ཆེ་ས་གུ་ཡངས་ས་ནས་བསམ་བློ་གཏོང་གི་ཡོད་པར་ངོས་འཛིན་གྱིས་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག རྒྱ་ནག་གཞུང་ལ་ཡིད་ཆེས་ཁག་པོ་འདུག རྒྱ་རིགས་མི་མང་ལ་ཡིད་ཆེས་བརླག་གི་མེད། ང་རང་ཚོའི་འཚེ་བ་མེད་པ་དང་འབྲེལ་བའི་ལམ་ནས་འཐབ་རྩོད་བྱས་བསྡད་པ་དེར་ཏན་ཏན་ནུས་པ་ཡོད་པ་རེད། ལོ་ག་ཚོད་སོང་ནའང་བདེན་པའི་ནུས་པ་ཡལ་འགྲོ་རྒྱུ་ཡོད་པ་མ་རེད། དཔུང་གི་ནུས་པ་དེ་གང་འཚམས་ཤིག་ནས་ཡལ་འགྲོ་བ་ཞིག་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༡༠ ཉིན་ནི་བོད་རང་བཙན་ཤོར་ནས་ལོ་ལྔ་བཅུ་འཁོར་བ་དང༌། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་ཡོངས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་འཁོར་བའི་ཉིན་མོ་ཡིན་པར་བརྟེན། བོད་གཞུང་མང་གཉིས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་ཐེངས་ལྔ་བཅུ་པ་སྲུང་བརྩི་ཞུས་ཡོད་པ་རེད། སྐབས་དེར་ྋགོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་རྣམ་པ་དང༌། བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ། བོད་མི་སྤྱི་འཐུས་ཚོགས་གཙོས་དབུས་སྤྱི་འཐུས་རྣམ་པ་དང༌། བཀའ་ཟུར་རྣམ་པ། སྤྱི་ཟུར་རྣམ་པ། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེས་དབུས་བླ་ཆེན་རྣམ་པ་དང༌། དྷ་སར་གནས་སྡོད་སེར་སྐྱ་ཕོ་མོ་ཡོངས་མཉམ་ཞུགས་གནང་ཡོད་པ་རེད། ཉིན་དེར་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་སྐུ་ཚབ་ཁག་ཅིག་དང༌། དེ་མིན་རྒྱལ་ཁབ་གཞན་ནས་ཕེབས་པའི་རྒྱ་རིགས་བསྡོམས་སུམ་བཅུ་ཙམ་དང༌། ཨེ་ཊ་ལའི་རང་སྐྱོང་མངའ་ཁོངས་ནས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གསུམ་བཅུའི་དུས་དྲན་ཐོག་མཉམ་ཞུགས་གནང་ཡོད་པ་རེད།
བཙན་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད།།