རྒྱལ་དར་ངས་ཀྱང་མེར་བསྲེག་གཏོང་མྱོང་ཡོད།

    ཟླ་འདིའི་ཚེས་༡༡ ཉིན་གྱི་ཕྱི་དྲོ་རྒྱ་རིགས་༣༠ ཙམ་དང་བོད་མི་༣༠ ཙམ་གྱི་བར་རྒྱ་བོད་འབྲེལ་ལམ་སྐོར་ལ་བགྲོ་གླེང་ཞིག་དྷ་སར་འཚོགས་ཡོད་པ་དང༌། སྐབས་དེར་རྒྱ་རིགས་ཚོས་གཙོ་བོ་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་དང༌། བོད་པ་ཚོ་མཉམ་འབྲེལ་གྱིས་རྒྱ་ནག་དམར་ཕྱོགས་ཚོགས་པ་མགོ་སྟིང་སློག་དགོས་སྐོར་བརྗོད་མཁན་བྱུང་སོང༌། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་རེད་མོད། མ་འོངས་པར་རྒྱ་བོད་འཆམ་མཐུན་གྱིས་མཉམ་གནས་ཡོང་ཐབས་བྱེད་དགོས་སྐོར་བརྗོད་མཁན་ཡང་འདུག
    བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བོད་རང་བཙན་བསྐྱར་གསོ་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པས། ྋགོང་ས་མཆོག་དང་གཞོན་ལྷན་གཉིས་བོད་ཀྱི་མ་འོངས་ལོ་རྒྱུས་ཀྱི་ཐོག་ལ་མཐུན་གྱི་མེད་པ་དང༌། ྋགོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་རྒྱ་མི་རིགས་དང་བོད་མི་རིགས་བར་གྱི་འཐབ་རྩོད་ཅིག་མིན་པར། རྒྱ་ནག་གཞུང་དང་བོད་པའི་བར་གྱི་འཐབ་རྩོད་ཡིན་པར་བཀའ་གནང་གི་ཡོད་པ་རེད། ང་རང་སྒེར་གྱི་ངོས་ནས་དེ་ལྟར་མིན་པར་རྒྱ་མི་རིགས་དང་བོད་མི་རིགས་བར་གྱི་གནད་དོན་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་སེལ་ཐབས་ཡང་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀ་ལ་འགན་ཡོད་པ་དང༌། སེལ་ཐུབ་པ་ཞིག་རེད་ཅེས་དང༌། ཁོང་གིས་མུ་མཐུད་གསུང་དོན། རྒྱ་ནག་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་མོད། དེ་ལྟར་མིན་པར། གཞོན་ལྷན་གྱིས་འཚེ་མེད་ཞི་བའི་ཐོག་ནས་བོད་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད། འཚེ་མེད་ཞི་བའི་ཐབས་ལམ་ནི་ྋགོང་ས་མཆོག་གི་དགོངས་གཞི་དང་ཡང་མཐུན་པ་རེད་ལ། བོད་རང་བཙན་ཐོབ་ན་རྒྱ་མི་རིགས་ཀྱི་མཚན་སྙན་དང༌། བོད་མི་རིགས་ཀྱི་ཁེ་ཕན་ཡང་ཡིན་པས། རྒྱ་མི་རིགས་དང་བོད་མི་རིགས་གཉིས་ལ་བོད་ཀྱི་དཀའ་རྙོག་དེ་སེལ་རྒྱུའི་འགན་ཡོད་པ་རེད། རྒྱ་བོད་གཉིས་མཆམ་མཐུན་དང༌། འདྲ་མཉམ་གྱི་རྒྱལ་ཁབ་གཉིས་ཡོང་དགོས་སྐོར་འགྲེལ་བརྗོད་གནང་སོང༌།
    རྒྱ་ནག་མང་གཙོ་དོན་གཉེར་བ་གཅིག་གིས་བརྗོད་དོན། རྒྱ་ནག་དམར་ཕྱོགས་གཞུང་གིས་ང་ཡང་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་འཛིན་བཟུང་བཀག་ཉར་བྱེད་མྱོང་ལ། སྔོན་མ་བོད་མི་ཞིག་ལ་རྒྱ་ནག་གི་དམག་མིས་བརྙས་བཅོས་བཏང་བ་ཡང་ངས་མཐོང་སོང༌། སྐབས་དེར་ངས་བོད་མི་དེར་རྒྱབ་སྐྱོར་བྱེད་སྐབས། དམག་མིས་ང་ལ་ཁྱེད་རང་བོད་པ་རེད་འདུག ཁ་བྲལ་བ་རེད་འདུག་ཅེས་འཇིགས་སྐུལ་བྱས་བྱུང༌། ང་བོད་པ་མིན། རྒྱ་མི་ཡིན་ཅེས་བརྗོད་པ་ཡིན། ངས་ལོ་རྒྱུས་ཆེན་པོ་ཤེས་ཀྱི་མེད་མོད། རྒྱ་བོད་བར་ལ་མཆོད་ཡོན་གྱི་འབྲེལ་བ་སོགས་ཡོད་པ་རེད་མ་གཏོགས། ༡༩༥༩ སྔོན་བོད་དེ་རང་བཙན་གཙང་མ་རེད། ཡིན་ནའང་མ་འོངས་པར་རྒྱ་བོད་གཉིས་འདྲ་མཉམ་དང༌། འཆམ་མཐུན་མཉམ་གནས་ཡོང་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།
    ཐེངས་འདིའི་བོད་པའི་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་པ་དང་སྟབས་བསྟུན་ནས། རྒྱ་རིགས་མང་གཙོ་དོན་གཉེར་བ་༣༠ ཙམ་དྷ་སར་ཡོང་ནས་ྋགོང་ས་མཆོག་མཇལ་ཁ་ཞུས་ཡོད་པ་དང༌། མང་ཆེ་བ་རྒྱ་ནག་དམར་ཕྱོགས་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཐོག་བཀག་ཉར་བཙོན་འཇུག་བྱས་རྗེས་ཕྱི་རྒྱལ་དུ་བྲོས་བྱོལ་ལ་ཡོང་བ་རེད། བགྲོ་གླེང་གི་ཉིན་དེར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་ཀྱི་ཚོགས་པ་ཁག་ངོ་སྤྲོད་དང་འབྲེལ་བོད་ཀྱི་གནས་བབས་སྐོར་གླེང་སློང་གནང་ཡོད་པ་རེད།།