གྲོས་ཚོགས་ཉིན་གཉིས་པ།
ཁ་རྩངས་ཆོ་འཕྲུལ་སྨོན་ལམ་དུས་སྟོན་ཉིན༎
གཙུག་ལག་ཁང་དུ་ཀུན་བཟང་མཆོད་སྤྲིན་བཀྲིགས༎
ཆོས་སྲིད་ཟུང་འབྲེལ་གཞུང་གི་གུང་སིང་བཏང༌༎
དེ་ཕྱིར་གྲོས་ཚོགས་གུང་སིང་གཏོང་དགོས་བྱུང༌༎
དེ་རིང་ཞོགས་པར་གྲོས་ཚོགས་ཁང་དུ་བཅར༎
གཞུང་འབྲེལ་བཅའ་ཁྲིམས་སྒྲིག་གཞི་བསྐྱར་བཅོས་ཁག།
མཛད་གཙོ་རྣམ་པའི་ཕོག་དང་ཟུར་ཕོག་དང༌༎
ཐོབ་ཐོང་གཞན་གྱི་སྒྲིག་གཞི་བསྐྱར་བཅོས་གླེང༌༎
དེ་སྔོན་སྤྱི་འཐུས་རྒྱུན་ལས་མཚན་དོད་དང༌༎
ཉིན་རེའི་ལས་དོད་གཅིག་ཏུ་སྒྲིལ་བྱས་ཏེ༎
ཕོགས་ཐོབ་གཏན་འབེབས་སྤྱི་འཐུས་གཞན་དག་གི།
མཚན་དོད་མ་བཅོས་རང་སོར་བཞག་པར་གནང༌༎
འདི་དོན་བགྲོ་གླེང་འཚུབ་མའི་རླུང་གི་གསེབ༎
ཕན་ཐོགས་མེད་པའི་བྱ་སྤུ་རླུང་ཁྱེར་དང༌༎
བརྟན་ལྷིངས་དགོངས་འཆར་རི་རྒྱལ་ལྷུན་པོ་ལྟར༎
བཏོན་པའི་བཀུར་འོས་སྤྱི་འཐུས་མང་པོ་བྱུང༌༎
བཙན་བྱོལ་གཞུང་གི་ལས་ཤག་བགྲེས་ཤག་ཟུང༌༎
བགོ་འགྲེམས་གྲོས་གཞི་བསྐྱར་བཅོས་གྲོས་འཆར་གྱི༎
ནང་གསེས་དོན་ཚན་གང་ཞིག་འཁོད་པ་རྣམས༎
དགག་བྱ་མེད་པར་སྤྱི་མོས་གཏན་འབེབས་གནང༌༎
མཛད་གཙོ་རྣམ་པའི་ཕོག་དང་ཟུར་ཕོག་དང༌༎
རྒས་ཕོགས་ཐོབ་ཐོང་སྒྲིག་གཞི་བསྐྱར་བཅོས་ཀྱི༎
གྲོས་འཆར་ཐོག་ལ་བགྲོ་གླེང་ཟབ་རྒྱས་མཐར༎
སྤྱི་མོས་ཐག་གཅོད་གནང་ ནས་ཚོགས་འདུ་གྲོལ༎
དེ་རིང་གྲོས་ཚོགས་ལས་རིམ་དངོས་སྒྲིག་ན༎
སྔོན་རྩིས་ཚོད་དཔག་གོ་བསྡུར་གནང་དགོས་ཀྱང༌༎
དཔལ་འབྱོར་བཀའ་བློན་ལྡི་ལིར་ཕེབས་དགོས་པས༎
དེ་ཕྱིར་ལས་རིམ་བསྒྱུར་བཅོས་གཏོང་དགོས་བྱུང༌༎
བསྐྱར་བཅོས་ཕལ་ཆེར་བགྲོ་གླེང་མི་དགོས་པར༎
སྤྱི་མོས་ཁོ་ནས་ཐག་གཅོད་བྱུང་བས་ན༎
ཉིན་གུང་ཆུ་ཚོད་གཉིས་པ་མ་ཟིན་གོང༌༎
ཉིན་འདིའི་གྲོས་ཚོགས་གྲོལ་ནས་བར་སིང་བྱས༎
ངག་རིག་གཞི་ལག་སྔར་ནས་རྫོགས་ཟིན་པས༎
ཚིགས་བཅད་རེ་གཉིས་བྲིས་པས་གྲོས་ཚོགས་ཀྱི༎
ལས་རིམ་འཐུས་ཤོར་འགྲོ་དོགས་མི་འདུག་པས༎
གྲོས་ཚོགས་ལས་རིམ་དེད་ནས་ཟིན་བྲིས་སྤེལ༎
དོན་གྱི་རྡོག་ཁའི་འགྲོ་ཕྱོགས་མི་ཤེས་ཤིང༌༎
ཚིགས་བཅད་རེ་ལ་ཉི་མ་རེ་འགོར་བའི༎
ཨུ་ཚུགས་བྱས་ནས་དྲ་ཡིག་འབྲི་མཁན་ལ༎
ཕན་པའི་རེ་བ་རྨི་ལམ་ན་ཡང་མེད༎
སྙན་པའི་ཚིག་རིས་སྡེབ་ནས་མ་སྤེལ་ཀྱང༌༎
ཉིན་རེའི་བྱུང་བ་སྡེབ་ནས་སྦྱོར་བ་འདི༎
ཉིན་ཐོའི་ཟོལ་དུ་བྲིས་ཏེ་དྲ་ཚིགས་ཐོག།
དཔྱོད་ལྡན་དྲ་གྲོགས་དགྱེས་པའི་སྐྱེས་སུ་བཏེགས༎
2008/3/12/ ཉིན་གྲོས་ཚོགས་ནང་བྲིས།
