བོད་ཡུལ་དུ་སྤྲིངས་པ།

འཆི་གསོན་རང་དབང་བྲལ་བའི་ངང་ཚུལ་རང་དྲན་དུས།

ཡུན་རིང་ས་མཐར་ལུས་པའི་བོད་མིང་ཙམ་ཐོབ་པའི།།

ནུས་མེད་སྤྲང་འཁྱམ་ཁོ་བོའི་སེམས་ཁོང་གི་འཕར་ལྡིང་།།

གཅིག་ལས་གཅིག་མགྱོགས་རྔམ་དྲག་འཇིགས་གཡེར་གྱི་ཚོར་བ།།

དཀར་གཙང་ཤོག་བུའི་ངོས་སུ་སྐྱུག་ཐབས་རང་མེད་ཀྱང་།།

ནང་གི་ཤེས་པ་འདི་ཡི་ན་ཟུག་གི་གྱོང་ནད།།

དུ་བའི་གཞུར་རྒྱུན་འདྲིས་དེ་མཁའ་དབྱིངས་སུ་འཕུད་དུས།།

གཤོག་རྩལ་ངོམ་བཞིན་རྒྱང་རིང་ཡུལ་ཕྱོགས་སུ་འགྲོ་བའི།།

བྱ་དང་བྱེའུ་ཚོགས་ལ་འཕྲིན་ཡིག་འདི་སྤྲིངས་ཡོད།།

སེམས་ཀྱི་འདུས་པ་བོད་ཀྱི་ཕྱོགས་སུ་གཞུར།།

ལུས་ཀྱི་འབྲེལ་ཐག་ཕྱི་རོལ་ཡུལ་དུ་འཚོ།།

ལུས་སེམས་ཁ་ཁར་གྱུར་བའི་བར་ཐག་འདིས།།

མི་ལུས་འདི་ལ་སུན་བཙེར་སྣ་དགུ་བྱེད།།

འགྲོ་ན་འདོད་པ་བོད་ཡུལ་གངས་ལྗོངས་ཡིན།།

འགྲོ་སའི་ཡུལ་དེར་རང་དབང་གཏན་བྲལ་བ།།

འགྲོ་བ་མི་རུ་སྐྱེ་ཡང་འགྲོ་བ་མིའི།།

འགྲོ་བ་སྤྱི་མཚུངས་བཞིན་དུ་མེད་འདི་སྐྱོ།།

ཤ་ཁྲག་རུས་གསུམ་གཅིག་པའི་བོད་ཡུལ་གྱི་སྤུན་ཟླ།།

ལས་འགུལ་གང་ཞིག་སྤེལ་ཡང་༧གོང་ས་ཡི་ཐུགས་དང་།།

འགལ་མེད་ཞི་བའི་ལམ་སྟོན་ཁོ་ན་རུ་འབུངས་དེ།།

གཅེས་པའི་ཚེ་སྲོག་སྲུང་ལ་འོས་འགན་རང་མ་ནོར།།

 

༡༠།༣།༠༩བྲིས།