འཆི་བ་ནི་མཐར་ཐུག་གི་ལམ་ཁ་ཞིག་དུ་གྱུར་ཡོད་པ་རེད།
རེད་དེ་བདེ་སྐྱིད་གཏན་ནས་མེད་ས་ཞིག་ལ་ཆ་བཞག་ན་འཆི་བ་ནི་མཐར་ཐུག་གི་ལམ་ཁ་ཞིག་དུ་གྱུར་ཡོད་པ་རེད། རང་དབང་དང་བདེ་སྐྱིད་ནི་ནང་དོན་གཅིག་ཡིན་ཏེ། རང་དབང་ཐམས་ཅད་བདེ་བ་ཡིན།། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།། ཞེས་པ་ནི་ང་ཚོར་ཉམས་མྱོང་གིས་ར་སྤྲོད་བྱས་ཡོད། དེར་བརྟེན་རང་དབང་གི་ཆེད་དུ་འཆི་བ་ནི་བདེ་སྐྱིད་ཀྱི་ཆེད་དུ་ཤི་བའང་རེད། མཐོ་བ་རྒྱལ་བོ་ནས་དམའ་བ་སྤྲང་པོ་ཡན་གྱི་མི་ཚང་མ་རང་དབང་མེད་ན་དགའ་པོ་ཡོད་མཁན་གཏན་ནས་མེད། རང་དབང་ཟེར་ན་ནི་རང་སྣང་གང་དྲན་ཞིག་མ་རེད་མོད། དེང་སྐབས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི་རང་དབང་གི་ཚད་ལྟ་བུ་ཞིག་དུ་རྒྱལ་སྤྱིའི་ཐོག་བཞག་པ་རེད། དེ་ནི་དོན་དང་ཡང་ལྡན་པ་ཞིག་རེད། འདི་ལྟར་བཤད་ན་རང་དབང་གི་ཆེད་ཤི་བ་ནི་འགྲོ་བ་མིའི་ཐོབ་ཐང་མེད་ས་ཞིག་ནས་ཤི་བ་རེད། རྒྱལ་ཁབ་གང་ཞིག་དང་སྤྱི་ཚོགས་གང་ཞིག་ལ་ཡང་དག་པའི་རང་དབང་མེད་ན་དེ་ལ་བདེ་འཇགས་ཟེར་བའི་མིང་དང་བདེ་སྐྱིད་ཟེར་བའི་ཚོར་བ་ཞིག་གཏན་ནས་མེད་ལ་ཡོད་དོན་ཡང་མེད་པ་རེད། དམག་ཟེར་བ་ནི་འཁྲུག་འཛིང་བྱེད་པའི་ནང་དོན་རེད། འཁྲུག་འཛང་གིས་ནམ་ཡང་སྤྱི་ཚོགས་སུ་བདེ་འཇགས་བསྐྲུན་མི་ཐུབ། དེ་ནི་བདེ་འཇགས་ཡོད་ཅེས་པ་ནི་འཁྲུག་འཛིང་མེད་པའི་ནང་དོན་ཡིན་པས་རེད། དྲང་བདེན་ཟེར་བ་ནི་མི་སུ་ལ་ཡང་དགོས་པ་རེད། དྲང་པོ་མེད་སའི་རྒྱལ་ཁབ་དང་སྤྱི་ཚོགས་གང་ལ་ཡང་རྙོག་དྲ་མང་པ་ནི་ང་ཚོའི་མིག་མདུན་དུ་བཤམས་ནས་ཡོད་པ་འདི་རེད། ཕྱི་ལྤགས་དཀར་ཀྱང་ནང་དོན་ནག་པོའི་སྐད་ཆས་ནི་མི་སུ་ལ་ཡང་དགའ་བ་བསྐྱེད་པ་དང་མགོ་སྐོར་གཏོང་མི་ཐུབ། བསམ་བཞིན་དུ་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བཤད་དང་དངོས་ཡོད་གནས་ཚུལ་ལ་ནག་འཛུགས་བྱས་ན། མིར་མ་ཟད་དུད་འགྲོ་ཞིག་ཡིན་ཡང་འཐབ་རྩོད་རྒྱུན་ཆད་ཀྱི་མ་རེད། བདེན་པ་ཡོད་ན་ཁུ་ཚུར་ཀྱིས་ལྕགས་སྒྲོག་གཏོར་ནུས་ལ། སྐད་འབོད་ཀྱིས་འཛམ་གླིང་སྒུལ་ནུས། དྲང་བདེན་གྱི་ཁུ་ཚུར་ལ་མེ་སྒྱོགས་དང་འབར་རྫས། གློག་རྒྱུག་དང་བཙོན་ཁང་གིས་ཀྱང་གླགས་མི་ཁེལ། ཚེ་སྲོག་ལ་ཐུག་ཀྱང་འཇིགས་ཞུམ་མེད་པའི་སྙིང་སྟོབས་བསྐྱེད་ཀྱི་ཡོད། འཚེ་བ་མེད་པ་ནི་མི་མང་གི་ཁུ་ཚུར་ལ་ཟེར། བདེན་པའི་འབོད་སྒྲ་ལ་ཟེར། དེང་སྐབས་དམག་གི་འཇིག་རྟེན་ཞིག་ཡོད་པ་ནི་བོད་ཡུལ་རེད། ཁྲི་དམག་འབུམ་དམག་གི་མེ་སྒྱོགས་ཀྱི་ཁ་དང༌། མེ་མདའི་མཆུ། གློག་རྒྱུག་གི་རྩེ་དང་མནར་གཅོད་ཀྱི་རྭ་བ་བཅས་ནི་ཁུ་ཚུར་ལས་མེད་པའི་བོད་མི་ཚོའི་དེང་སྐབས་ཀྱི་དངོས་ཡོད་ཀྱི་གནས་བབས་རེད།