ཞིང་ལས་མ་བྱས་ན་གཞུང་བཞེས་གཏོང་རྒྱུ་ཡིན་ཟེར།
དཀར་མཛེས་རྫོང་སྤྱི་བདེ་ཉེན་རྟོག་པས་འདི་ལོའི་ཟླ་༣ ཚེས་༡༩ ཉིན་རྒྱབ་ཆུ་ཚོད་༣ པའི་གཡས་གཡོན་དུ་དཀར་མཛེས་ལྷོ་པ་ཤང་ཕུག་ཡིས་ནང་རྩེག་ལེག་གྲོང་ནས་ཡིན་པ་རྩིས་ཚང་དགོན་གྱི་གྲྭ་རང་ལོ་༢༧ དུ་སོན་པ་བྱམས་པ་དོན་གྲུབ་འཛིན་བཟུང་བྱས་ཡོད་པ་རེད། ཁོང་འཛིན་བཟུང་བྱེད་དགོས་དོན་གཙོ་བོ་ནི། ས་ཞིང་འདེབས་ལས་མི་བྱེད་པར་ངོ་རྒོལ་བྱས་པའི་ལས་འགུལ་དང་འབྲེལ་བ་ཡོད་པར་བརྙད་དེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག བྱམས་པ་དོན་གྲུབ་ཀྱི་ཁྱིམ་ཚང་ལ་མཚོན་ན། ཁོང་གི་གཅེན་པོ་བཀྲིས་རྣམ་རྒྱལ་སྔ་ལོ་ཟླ་༣ ཚེས་༡༧ ཉིན་གསེར་རྟ་རྫོང་ཁོངས་སུ་བོད་ཀྱི་རྒྱལ་དར་འཕྱར་ཏེ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། ས་གནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་བརྡ་ཐོ་བཏང་རྐྱེན་བྲོས་བྱོལ་དུ་དུ་འགྲོ་དགོས་བྱུང་བ་དང༌། གཅེན་མོ་ལྷ་དགའ་ནི་དཀར་མཛེས་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཡིན་པ་སྔ་ལོ་ཟླ་བ་༥ ཚེས་༡༤ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་ནང་ཞུགས་རྐྱེན་འཛིན་བཟུང་གིས་ཉེ་ཆར་གནས་སྐབས་གློད་བཀྲོལ་བཏང་ཡང་ད་ལྟ་ཉིན་བདུན་རེའི་འཚམས་སུ་རྫོང་འབྲེལ་ཡོད་སྤྱི་བདེ་ཚན་པར་འབྱོར་ཐོ་བཀོད་དགོས་པ་སོགས་ཀྱི་གནས་སྟངས་ཆགས་ཡོད་པ་རེད། ཁྱིམ་དུ་མ་རྒན་ལོ་དྲུག་ཅུ་ལྷག་ཅན་ཞིག་དང༌། བཀྲིས་རྣམ་རྒྱལ་གྱི་བཟའ་ཟླ་དང་ཕྲུ་གུ་ཆུང་ཆུང་གཉིས། སྲིང་མོ་ཞིག་ལས་ལྷག་མེད་སྟབས་ཞིང་ལས་ཆ་ཚང་བྱེད་ཐུབ་ཐབས་མེད་པ་ཆགས་ཡོད་པ་རེད། དེ་བཞིན་དཀར་མཛེས་ཁོངས་སུ་ཕུག་ཡིས་ནང་སོགས་སུ་དེ་ལྟའི་གནས་ཚུལ་མང་དག་ཐོན་བཞིན་པ་མ་ཟད། ན་གཞོན་མང་ཆེ་བ་ངོ་རྒོལ་ནང་ཞུགས་རྐྱེན་འཛིན་བཟུང་བྱས་པས། སོ་ནམ་ཞིང་ལས་བྱེད་ཐུབ་ཐབས་མེད་པ་ཡང་ཆགས་ཡོད་པ་རེད། ཡིན་ནའང་རྒྱ་དམར་གཞུང་ནས་བཙན་བཀའི་ཐོག་དཀར་མཛེས་རྫོང་ཁོངས་ས་ཞིང་འདེབས་ལས་བྱེད་དགོས་ཞེས་བརྗོད་ཡོད་ནའང༌། དངོས་ཡོད་གནས་སྟངས་ཐོག་ནས་མང་ཚོགས་ཚོར་ཞིང་ལས་བྱེད་རྒྱུར་མིའི་ནུས་ཤུགས་མི་ལྡེང་བའི་དཀའ་ངལ་ཡོད་པས་ཞིང་ལས་བྱེད་མ་ཐུབ་པ་ཆགས་ཡོད་པ་རེད།།