འོད་ཐིགས་ལ་དུངས་པའི་གཏམ།

སྟོང་གསལ་སེམས་ཉིད་རིག་པའི་ཁྱེའུ་ལ༎

ཀུན་རྟོག་མངར་སྐྱུར་ངེས་མེད་བྲོ་བའི་རོ༎

སྟེར་མཁས་སྒོ་ལྔའི་སྤྲེ་འུའི་འགྲོ་འདུག་གིས༎

ངེས་མེད་འགྱུར་འགྲོས་རྩེན་པ་སུ་ཡིས་འགོག།

མ་དག་སྣང་བ་བརྩེགས་པའི་དགྲ་རྫོང་ཆེ༎

སྟོང་པ་རང་ངོ་འཕྲོད་པའི་ཐོ་ཆེན་གྱིས༎

བསྟོར་བཅོམ་སིལ་བུའི་ཀློང་དུ་མ་བརྫངས་པར༎

འོད་གསལ་ཉི་མའི་དཀྱིལ་འཁོར་སུ་ཡིས་བསུ༎

གཉུག་སེམས་ངོ་བོ་ག་འུ་ཁ་སྦྱོར་དབར༎

གཟུང་འཛིན་ན་བུན་དབྱིངས་སུ་མ་ཡལ་བར༎

སྣང་སྟོང་རེས་འཇོག་བྲལ་བའི་ཁང་བཟང་དུ༎

བདེ་སྟོང་ལྷན་སྐྱེས་དགའ་བཞི་སུ་ཡིས་མྱོང༌༎

འཁོར་འདས་རོ་གཅིག་འདྲེས་པའི་དབྱིངས་རུམ་ནས༎

སྲིད་ཞི་མཉམ་པར་གཟིགས་པའི་སྤྱན་ཞགས་ཀྱིས༎

ཀུན་རྟོག་བྲག་རི་ཐེར་ཟུག་མ་འབིགས་པར༎

སྒྲིབ་བྲལ་གཉུགས་མའི་ཐང་ཆེན་སུ་ཡིས་གཞལ༎

དབྱིངས་རིག་མི་ཕྱེད་སྟོང་གསལ་འདྲེས་པའི་ཀློང༎

སྤྲོས་བྲལ་སེམས་ཀྱི་གནས་ལུགས་གསལ་རིག་གིས༎

གཟུང་འཛིན་སྒྲིབ་གཡོག་དབྲལ་བ་མ་བྱས་པར༎

ཆོས་དབྱིངས་དགའ་མའི་ལང་ཚོར་སུ་ཡིས་སྤྱོད༎

གཟུང་འཛིན་ན་བུན་སེམས་ཀྱི་མཁའ་ལ་འཐིབས༎

སྣང་བ་བདེན་ཞེན་ཀུན་རྟོག་རུམ་ན་རྩེན༎

སྤྲོས་པའི་དྲ་བ་འཛིངས་པའི་ཅོང་རོང་ན༎

ཀུན་རྫོབ་སྟོང་པའི་རང་ངོ་སུ་ཡིས་འཕྲོད༎

སྤྲོས་པའི་ནགས་རྫོབ་འདི་ཡི་ཕ་རོལ་ན༎

སྟོང་སངས་སེམས་ཀྱི་རྒྱལ་མོའི་ཚུན་རོལ་ན༎

དབྱིངས་རིག་གཅིག་ཏུ་འདྲེས་པའི་རྟེན་འབྱུང་གི༎

ངོ་མཚར་སྒྱུ་མའི་སྤྲུལ་གཞི་སུ་ཡིས་བཤིགས༎

གཉུགས་སེམས་གཅིག་ཏུ་འཁྱིལ་བའི་མཚོ་མོ་ན༎

གློ་བུར་འཆར་སྒོ་བ་ཚྭའི་འདམས་ཀྱི་ཀློང༌༎

དགའ་སྐྱོ་ཁྲོ་ཆགས་རླབས་རིས་གཡོ་བའི་སྣེ༎

སྟོན་རླུང་འཚུབ་མའི་འགྱུར་འགྲོས་སུ་ཡིས་བཟློག།

2༽

ཀུན་བཏགས་རྨོངས་པའི་ཆུ་རིས་འཕྱོ་བའི་རླབས༎

ལྷན་སྐྱེས་མ་རིག་འཐུག་པའི་གཏིང་ཐག་རིང༌༎

མ་དག་བ་ཚྭས་སྙོགས་པ་འཁོར་བའི་གྲོང༌༎

འཇིགས་རུང་ཆུ་སྲིན་རྒྱུ་བའི་གཡུལ་ས་མང༌༎

གཟུགས་ཁམས་བཅུ་བདུན་གནམ་གྱི་མཐོངས་ན་རྩེན༎

འདོད་ལྷ་རིགས་དྲུག་ལྷུན་པོའི་ཁོར་ལག་འགྱིངས༎

གཟུགས་མེད་སྐྱེ་མཆེད་ཏིང་འཛིན་ཀློང་ན་འཁྱིལ༎

ལྷ་ཡི་འཇིག་རྟེན་མི་ཡི་ཡུལ་ལས་འགངས༎

དམྱལ་བ་ཡི་དྭགས་ས་འོག་འཇིག་རྟེན་གནས༎

ལྷ་མིན་འཇིག་རྟེན་གསེར་རིའི་གསེབ་ན་འཚང༌༎

མགོ་ནག་མི་ཡི་འཇིག་རྟེན་ཟླུམ་པོ་འདི༎

འཇིག་རྟེན་མི་ཡིས་སྐྱོང་བའི་ཞིང་ཁམས་ཉིད༎

ལྷ་དམག་འཁྲུགས་ནས་འཇིག་རྟེན་བསྟོར་ཡང་རུང༌༎

ཀླུ་གཉན་འཐབ་ནས་རྒྱ་མཚོ་འཕྱུར་ཡང་རུང༌༎

འཇིག་རྟེན་མི་ཡིས་བར་འདུམ་མི་ནུས་པས༎

ལྷ་མཆོད་འདྲེ་རྡུང་རྨོངས་པའི་ལྷག་བསམ་ཙམ༎

འཛམ་གླིང་ཤར་ནུབ་ཆུ་དང་རི་ཡིས་ཆོད༎

རྒྱ་བོད་ཧོར་གསུམ་སྲིད་པ་རྒན་པོས་འབྱེད༎

རང་བྱུང་ཁོར་ཡུག་རང་ངོས་མ་གྲུབ་ཀྱང༌༎

རང་རང་སོ་སོར་བདག་པའི་ཡིག་ཚང་མཆིས༎

རྩམ་ཟོན་བོད་མི་བོད་ཀྱི་ཡུལ་དུ་སྐྱིད༎

འབུ་ཟོན་རྒྱ་མི་རྒྱ་ཡི་ཡུལ་ན་བདེ༎

ཁྱིམ་མཚེས་ཁྲུན་ལོག་ཐེབས་པའི་གྲུ་ཟུར་ནས༎

ཆུ་ཁྲག་འོ་གསུམ་འདྲེས་པའི་རླབས་རིས་འཕྱུར༎

གོས་ཆེན་ན་བཟའ་གཟི་མདངས་གཞན་ལས་ཆེ༎

གསེར་གྱི་ཐམ་ཀའི་ཁ་རིས་ལྷག་པར་བཀྲ།

དྭ་ཡང་དཀར་པོའི་གྲུ་ཆར་འབབ་པའི་ཤུལ༎

སྤྲོ་སྐྱིད་མྱུ་གུ་འབུས་མིན་གཟིགས་མཛོད་དང༌༎

རྒྱབ་ནས་མེ་མདའི་སྐག་སྒྲ་མཛེར་པའི་ཁྲོད༎

མདུན་ནས་དྲག་པོའི་དམག་གི་བཀག་བསྐྱིལ་དབར༎

ཀླད་ནས་གནམ་གྲུའི་མདའ་རྫས་དབབ་པའི་འོག།

གཤིན་རྗེ་གྲོང་འདབས་དེད་པའི་སྐྱོ་གར་རིང༌༎

མ་ཡུལ་རྒྱབ་དུ་ལུས་པའི་བྱིས་པ་ཚོ༎

ཁྱིམ་མཚེས་ཨ་མའི་བྱམས་བརྩེའི་འཛུམ་འབག་འོག།

ཁ་ནས་མངར་མོའི་བུ་རམ་ལྡུད་པ་དང༌༎

མགོ་ནས་རྒྱུག་པ་བཞུས་པའི་སྣང་བརྙན་སྐྱོ༎

ཞོགས་པའི་ཉི་གཞོན་ནུབ་རིར་ལྷུང་བ་དང༌༎

ཟླ་གཞོན་ཤར་མཐར་མཛེགས་པ་ཉུང་ཉུང་མིན༎

ལོ་ཟླའི་ཕྲེང་བ་དུས་ཀྱིས་བགྲངས་པའི་སྣེ༎

དུས་རབས་ཕྱེད་ཀ་མི་རྟག་སྲིན་མོས་ཟོས༎

3༽

ལ་ཁའི་དར་ལྕོག་རླུང་གིས་བདས་ནས་ཟད༎

ལུང་མདོའི་མཚེའུ་དུས་ཀྱི་ཐན་པས་བསྐམས༎

མེས་པོའི་ཟུངས་ཁྲག་ས་ལ་ཐིམ་པའི་ཤུལ༎

ཝ་མོའི་ངུར་རྒྱངས་འཛེར་བས་ལྷིང་འཇགས་འཕྲོགས༎

གནམ་སྔོན་དགུང་ལ་འདེབས་པ་བྲག་རིའི་རྩེ༎

སྤྲིན་ཀྱི་ལ་ཐོད་དཀྲིས་པའི་གཡས་གཡོན་ནས༎

ཉི་ཟླའི་རྣ་ཆ་འོད་ཀྱིས་འཚེར་ན་ཡང༌༎

ཐང་དཀར་རྒོད་པོ་སྔ་ས་ཉིད་ནས་འཕུར༎

བསམ་འཕེལ་ནོར་བུ་རྒྱ་མཚོའི་གཏིང་ན་གནས༎

དགུན་འཁྱགས་ལྷག་པའི་དར་ཁ་སྔ་ནས་སྒྲིག།

དེད་དཔོན་མཁས་པའི་གཡོ་གྲུ་སྐུལ་ན་ཡང༌༎

མཚོ་འགྲིམས་ཚོང་པའི་རེ་བ་རྨི་ལམ་ཙམ༎

སྤྲིན་དང་ན་བུན་བར་སྣང་དབྱིངས་ནས་ཡལ༎

ཉི་ཟེར་སབ་སིབ་གནམ་གྱི་མཐོངས་ནས་འབབ༎

སྣ་ལྔའི་འཇའ་རིས་འཁྱིལ་བའི་གུར་ཁང་ནང༌༎

རང་སྣང་དག་པའི་སྣང་བ་དགུང་ལ་འཆར༎

ཉི་མ་དམར་པོའི་འོད་སྣང་ཤར་ནས་མཆེད༎

རི་རྩེའི་ཁ་བ་ཀླུང་གི་གཞུང་དུ་འཇོ༎

གྲུ་འཛིན་ཕོ་བྲང་ཐལ་འཚུབ་གསེབ་ཏུ་འཚང༌༎

ཡར་ཀླུང་གཙང་པོའི་རླབས་རྒྱུན་ཁྲག་དང་འགྲོགས༎

རླུང་འཚུབ་བསྣོལ་མ་འཐབ་པའི་མཚོ་དཀྱིལ་དུ༎

རླབས་ཀྱི་བང་རིམ་འཁྲུག་པོའི་རྔམས་ཁ་ནས༎

དགའ་ལྡན་ཕོ་བྲང་སྲིད་ཀྱི་གྲུ་བོ་ཆེ༎

དར་ཆེན་ཁ་ཕྱོགས་གང་དུ་བསྒྱུར་ན་འཚམས༎

ས་བྱི་ཞི་རྒོལ་ཁ་བ་ཇི་བཞིན་འབབ༎

དྲག་པོའི་གནོན་ཤུགས་མེ་ལྕེ་བཞིན་དུ་འབར༎

དམར་པོའི་རླུང་རླབས་ད་དུང་ཇེ་ཆེ་རེད༎

བྱི་བའི་ཆག་སྒོ་སྣེ་མོ་གླང་ལ་ཐུག།

སྟོང་གསལ་རིག་པའི་ཁྱེའུ་གྲུང་ཤ་ཅན༎

བདེན་གཉིས་རོ་གཅིག་མྱོང་པའི་སྔ་རོལ་དུ༎

རྒྱུ་འབྲས་རྟེན་འབྱུང་རིག་པའི་འཕུལ་མཚམས་ནས༎

ཡང་དག་འཇིག་རྟེན་ལུགས་ལའང་བརྟག་པར་རིགས༎

གཅིན་སྐྱག་མགོ་ལ་གཏོང་པའི་བརྙས་བཅོས་དང༌༎

ཤ་རུས་སིལ་བུར་གཏོར་བའི་གནར་གཅོད་འོག།

ལོ་ཟླའི་ཕྲེང་བ་བགྲང་པའི་གཞིས་ལུས་བོད༎

སྐྱོབ་པའི་ལམ་སྟོན་ཡོད་ན་དུས་ལ་བབས༎

བཀའ་སྤྱི་ལྷན་དགྱེས་འཛོམས་པའི་སྡིངས་ཆ་ཐོག༎

དབང་ཆེན་དཔོན་པོ་ཚོགས་པའི་གྲོས་རྭ་ནང༌༎

སེམས་ཀྱི་རང་མདངས་འཕོས་པའི་ཚིག་རིས་འདི༎

དྲན་པའི་སྐུལ་འདེབས་འགྱུར་བའི་རེ་སྨོན་ཉིད༎

2008/3/21/ཉིན་བྲིས།