བོད་པ་ཚོ། གཟབ་དགོས།

བོད་ནང་གི་བོད་མི་འགའ་ཞིག་༸སྐྱབས་མགོན་རིན་པོ་ཆེ་ཕུད་པའི་གཞན་བཙན་བོད་གཞུང་དང་མི་མང་ལ་ཡིད་ཆེས་མེད་པ་ལྟ་བུའི་སྐྱོན་བརྗོད་བྱེད་མཁན་ཡོང་གི་འདུག་ཟེར། དེའི་རྒྱུ་མཚན་ནི་བཙན་བྱོལ་ནང་དུ་མི་ཁ་ཤས་ཀྱིས་རྩོམ་ཡིག་འདྲ་མིན་བྲིས་པ་ལ་བརྟེན་ནས་རེད་འདུག་ཟེར། དཔེར་ན། ཧོར་གཙང་ལེགས་བཤད་ཀྱིས་བྲིས་པའི་དེབ་དེ་བཀླགས་ནས་སེམས་ཤུགས་ཆག་མཁན་ཡང་འདུག་ཟེར། མ་གཞི་གནད་འགག་ཆེ་རིགས་ནས་བླང་དོར་མ་ཤེས་པར་ཙག་ཙིག་ལ་འཐམ་བསྡད་པའི་སྐྱོན་ཆ་ཞིག་ལྷང་ངེར་མངོན་གྱི་འདུག་ཀྱང༌། སྐད་ཆ་དེ་དག་རྒྱུ་མཚན་རྩ་བ་ནས་མེད་པར་རང་དགར་བཤད་པ་ཞིག་རེད་མི་འདུག མདོར་ན། ང་ཚོས་བོད་གཞིས་བྱེས་གཉིས་ཀྱི་བར་ལ་དཀྲུགས་ཤིང་ལྟ་བུའི་ལས་ཀ་བྱེད་མཁན་ལ་མཐའ་གཅིག་ཏུ་དགག་པ་རྒྱག་དགོས་པ་དང༌། དེ་འདྲའི་དོན་དག་ཡོད་པའི་རྩོམ་ཡིག་རིགས་ཀྱང་ངེས་པར་དུ་བཀག་འགོག་དང༌། གཟབ་ནན་ངང་སྤྱི་ཚོགས་ནང་མི་ཁྱབ་པ་ཞིག་གང་ཟག་རེ་རེ་ནས་འགན་རེ་འཁུར་དགོས་ངེས་རེད་འདུག མ་གཞི་མང་གཙོ་དང་རང་དབང་ལུང་པའི་ནང་དུ་སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་མི་ཆོག་པ་མིན་ཡང༌། སྔོན་ནས་ཐུགས་བསམ་ཡག་པོ་བཞེས་ནས་བོད་སྤྱི་པའི་རྩ་དོན་ལ་གནོད་པའི་བྱ་བ་ཕྲ་མོ་ཙམ་མི་བྱེད་མི་ཤོར་བའི་རིག་པ་སྒྲིམ་དགོས་ངེས་སྙམ།