ངོ་ཚ་མེད་པའི་ཐོག་ནས་ངོ་དགའ་སྤྲེལ་ལད་བྱེད་ཀྱི་ཡོད་པ་རེད།

ྋགོང་ས་མཆོག་ལྷོ་ཨ་ཧཕི་རི་ཁའི་ལུང་པར་ཕེབས་རུང་ཁོང་གི་གནས་བབ་དང་མཚུངས་པའི་ཕྱག་ལས་དེ་ཙམ་མེད་ཚུལ་བརྗོད་ཡོད་ནའང༌། རྒྱ་ནག་གཞུང་གིས་ལྷོ་ཨ་ཧཕི་རི་ཁར་འཇིགས་སྐུལ་བྱས་པའི་ཤུགས་རྐྱེན་གྱིས་ཡིན་སྐོར་བརྗོད་མཁན་ཡང་བྱུང་ཡོད་པ་རེད། ཕྱི་ལོ་༢༠༡༠ ལྷོ་ཨ་ཧཕི་རི་ཁར་སྙན་གྲགས་ཆེ་བའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་ཚོགས་འཚོག་གཏན་འཁེལ་ཡོད་པས། ལྷོ་ཨ་ཧཕི་རི་ཁའི་སྲིད་འཛིན་གྱི་མགྲིན་ཚབ་པ་ཐཱ་སྦོ་ཟེར་བས་མི་སུ་འདྲ་ཞིག་ཡིན་རུང་རྩེད་མོ་དེར་བར་ཆད་གཏོང་བཅུག་འདོད་མེད་ཅེས་བརྗོད་ཡོད་པ་དང༌། དེ་ལྟར་གསུངས་དགོས་དོན་ཡང་ལོ་སྔོན་མར་ཨོ་རྩལ་དཔལ་འབར་རྒྱང་སྐྱོད་སྐབས་བོད་པས་ངོ་རྒོལ་ཤུགས་ཆེན་བྱས་པས། འཛམ་གླིང་ནང་མི་ཚང་མས་རྩེད་མོ་ལས་བོད་དོན་ཐད་དོ་སྣང་ཤུགས་ཆེ་བར་བྱས་པའི་རྐྱེན་གྱིས་ཡིན་པ་རེད།
    རྒྱ་ནག་ཞིན་ཧྭ་གསར་འགྱུར་ཁང་ནས་ལྷོ་ཨ་ཧཕི་རི་ཁར་རྒྱ་ནག་གི་ཤུགས་རྐྱེན་མེད་ཚུལ་དང༌། ྋགོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པ་དེ་ཨ་ཧཕི་རི་ཁ་རང་བཙན་རྒྱལ་ཁབ་ཀྱིས་རང་གི་ལུང་པའི་ཁེ་དབང་ལ་བསམས་ནས་ཐག་བཅད་པ་ཞིག་རེད་ཅེས་བརྒྱུད་བསྒྲགས་བྱས་ཡོད་ཀྱང༌། ཨ་ཧཕི་རི་ཁ་དང་འབྲེལ་ཡོད་གྲོང་ཁྱེར་ཕིར་ཊའོ་རི་ཡར་ཡོད་པའི་རྒྱ་ནག་གཞུང་ཚབ་པས། ྋགོང་ས་མཆོག་ལྷན་ཚོགས་དེར་གདན་འདྲེན་ཞུས་ན་འབྱུང་འགྱུར་ཕྱོགས་གཉིས་ཀའི་མཐུན་འབྲེལ་ལ་ཉེན་ཁ་ཡོད་ཚུལ་གྱིས་འཇིགས་སྐུལ་བྱས་ཡོད་སྐོར་ལུང་པ་དེའི་གཟའ་ཉི་མའི་ཚགས་པར་སོགས་ཀྱི་ཐོག་ཐོན་ཡོད་པ་རེད།
    ྋགོང་ས་མཆོག་དང་ཐུགས་སེམས་ཤིན་ཏུ་ཉེ་བའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཌིསི་མཱའོ་དི་ཊོས་ཊོས་མཆོག་གིས། རྒྱ་ནག་གི་གནོན་ཤུགས་ལ་ངོ་ཚ་མེད་པའི་ཐོག་ནས་ངོ་དགའ་སྤྲེལ་ལད་བྱས་པ་དེས། ང་ལ་ཧ་ཅང་གི་སྐྱོ་སྣང་དང་ངོ་ཚ་དགོས་པའི་ཚོར་སྣང་སྟེར་བྱུང་ཞེས་གསུངས་པ་དང༌། འབྲེལ་ཡོད་མགྲིན་ཚབ་པ་སོགས་ཀྱིས་གལ་སྲིད་ྋགོང་ས་མཆོག་ལྷན་ཚོགས་དེར་གདན་འདྲེན་ཞུ་རྒྱུར་བཀག་འགོག་བྱས་ན། ཞི་བདེའི་ལྷན་ཚོགས་དེར་ཞི་བདེའི་དེད་དཔོན་གཞན་རྣམས་ཀྱང་མཉམ་ཞུགས་གནང་ཐུབ་མིན་ལ་བསམ་གཞིག་གནང་རྒྱུ་ཡིན་པ་དང༌། དེ་བཞིན་མ་འོངས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ལྷོ་ཨ་ཧཕི་རི་ཁའི་བསམ་འདུན་བཞིན་ཡོང་རྒྱུར་ཁག་པོ་ཡིན་སྐོར་སོགས། གསར་ལམ་ཁག་ལ་ཁྱབ་བསྒྲགས་གནང་ཡོད་པ་རེད།།