རྒྱ་གཞུང་གི་འཁྱོག་བརྗོད་ལ་ངོས་ལེན་མེད་པའི་སྤྱི་མོས་གྲོས་ཆོད།

    གྲོས་ཆོད་ཀྱི་སྔོན་གླེང་ནང་འཁོད་དོན། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་འཛུགས་བྱས་པ་ནས་བཟུང༌། ཐོག་མར་ད་དུང་ཐག་ཆོད་མེད་པའི་རྒྱལ་ཁོངས་བོད་དང་ཐའེ་ཝན་གཉིས་གང་མགྱོགས་བཅིངས་འགྲོལ་གཏོང་རྒྱུ་ཡིན་སྐོར་གྱི་ཁྱབ་བསྒྲགས་བྱས་ཏེ། རིམ་བཞིན་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དྲག་གནོན་དང་དབང་བསྒྱུར་བྱས་ནས། ཟིང་འཁྲུག་ཞོད་འཇགས་ཟེར་བ་དང༌། དམངས་གཙོ་བཅོས་བསྒྱུར། མི་དམངས་སྤྱི་ཁང༌། གྲལ་རིམ་འཐབ་རྩོད། རིག་གནས་གསར་བརྗེ། དམག་ཁྲིམས་བསྡམས་པ། རྒྱལ་གཅེས་ཆོས་གཅེས། རྡུང་རྡེག་ཚ་ནན། ༣་༡༤ དོན་རྐྱེན་ལ་གདོང་ལེན་ཟེར་བ་སོགས་གཅིག་མཇུག་གཉིས་མཐུད་ཀྱི་ལས་འགུལ་རིམ་པའི་ནང་བོད་ཀྱི་སྣོད་བཅུད་ཡོངས་ལ་གཏོར་སྐྱོན་ཚད་ལས་འདས་པ་བཏང་སྟེ་བོད་མི་འབུམ་ཚོ་མང་པོ་རྐྱེན་ལམ་དུ་བཏང་བ་དང༌། གཞིས་བཞུགས་བོད་མི་རྣམས་ནི་བཙན་གནོན་ཚབས་ཆེའི་འོག་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་སྡུག་ལས་ད་དུང་གྲོལ་མེད་ནའང༌། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་དབྱེ་བགོས་བྱས་ཁོངས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ནས་ད་ལོ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ཏེ་མི་ལོ་༥༠ འཁོར་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་དང༌། བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་ཡང་བརྩི་སྲུང་ཞུ་དགོས་སྐོར་གཏན་འབེབས་ཀྱིས་དངོས་ཡོད་ཀྱི་ལོ་རྒྱུས་དང་མི་འཚམས་ཤིང་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་དང་མི་མཐུན་པ། དཔེར་ན། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མུ་མཐུད་བཞིན་ཡོད་རེད་ཟེར་བ་དང༌། སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་བོད་སྐྱོབ་མི་ཐུབ་ཟེར་བ། མུན་ནག་ལས་འོད་ཟེར་དུ་གྲོལ་ཟེར་བ་སོགས་ཀྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས་ནས་བཙན་དབང་གིས་དུས་དྲན་དེ་གཉིས་བོད་མི་རྣམས་ལ་མི་འདོད་བཞིན་དུ་བཙན་དབང་ངང་སྲུང་བརྩི་ཞུ་བཅུག་པར་བརྟེན། གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་དུས་ཀྱི་དགོས་མཁོར་མཐོང་ཞེས་འཁོད་ཡོད་པ་དང༌།
    ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་མང་ཡོངས་ནས་རྒྱུན་དུ་གཞིས་བཞུགས་ཆོལ་གསུམ་བོད་མི་རྣམས་ཀྱི་འགྱུར་བ་མེད་པའི་ལྷག་བསམ་དང༌། ཞུམ་པ་མེད་པའི་སྙིང་སྟོབས། རྒྱུན་ཆད་མེད་པའི་ཆོད་སེམས། མདོར་ན་ལུས་ངག་ཡིད་གསུམ་གྱི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོ་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གླུ་གར་སྤྲོ་སྐྱིད་སོགས་མཚམས་འཇོག་བྱས་ཟིན་པ་ལྟར་དང༌། ད་ལན་རྒྱ་ནག་དབུས་སའི་སྲིད་གཞུང་ནས་འཆར་གཞི་དང་གོ་སྒྲིག་བྱས་པའི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་སྟེ་མི་ལོ་༥༠ འཁོར་བའི་དུས་དྲན་ཞེས་པ་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ ཉིན་དགའ་སེམས་འཁོལ་བའི་ངང་བརྩི་སྲུང་ཞུ་རྒྱུ་ཡིན་ཟེར་བ་དང༌། དེ་བཞིན་བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བའི་དགའ་སྤྲོའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་ཟེར་བ་གཉིས་དོན་དངོས་དང་མི་མཐུན་ཞིང༌། གཞིས་བྱེས་བོད་མིའི་མངོན་འདོད་དང་མི་འཚམས་པར་བརྟེན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་འདིའི་ཐོག་རང་ནས་གོང་གསལ་དུས་དྲན་དེ་གཉིས་ལ་ངོས་ལེན་མེད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད།།