ཐུབ་བསྟན་བསམ་གྲུབ་ཀྱིས་བཀའ་ཁྲི་འཚོལ་བའི་ལས་འགུལ་བློས་བཏང་འདུག

ངས་ཀྱང་ཁོང་གིས་མང་གཙོའི་འཕེལ་རིམ་གལ་ཆེ་ཤོས་སུ་གཟིགས་ནས་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བཅངས་པ་ནི་ཧ་ཅང་གི་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ད་ཆ་ཁོང་ཨིན་ལེན་དོན་གཅོད་ཀྱི་ཕྱག་ལས་དང་མཉམ་དུ་བཀའ་ཁྲིའི་འོས་གཞི་འཚོལ་བའི་ལས་འགུལ་དེ་སྤེལ་ཐུབ་ཐབས་གཏན་ནས་མེད་པར་བརྟེན། དོན་གཅོད་ཀྱི་རྐུབ་སྟེགས་ལ་བརྟེན་ནས་མང་གཙོའི་འཕེལ་རིམ་ནང་གལ་ཆེ་བའི་ལས་འགུལ་དེ་བློས་བཏང་འདུག་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཐུབ་བསྟན་བསམ་གྲུབ་ལ་མཚོན་ན་ཁ་ན་ཌ་ནས་རྒྱུན་རིང་པོ་བཞུགས་པས་མང་གཙོའི་གོ་རྟོགས་དང་མང་གཙོའི་རྒྱུན་ཤེས་སྐོར་ལ་གོམས་འདྲིས་ཤུགས་ཆེན་པོ་ཡོད་པ་དང༌། ད་ལྟའི་བཀའ་ཁྲི་འཚོལ་བའི་ལས་གཞི་འདི་ལ་མི་མང་གིས་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད་པར་བརྟེན་ཁ་ཚ་དགོས་གཏུག་གི་ཐོག་ནས་བཤད་ན་ཨིང་ལེན་དོན་གཅོད་དུ་བཞུགས་རྒྱུ་ལས། བཀའ་ཁྲི་འཚོལ་བའི་ལས་འགུལ་དེ་མུ་མཐུད་ཐུབ་ན་ལེགས་པའི་བསམ་ཚུལ་བྱུང་ལ། ཁོང་གི་ཆོད་སེམས་ལའང་ཐེ་ཚོམ་ཆེན་པོ་ཞིག་སྐྱེས་སོང༌། ཨིང་ལེན་དོན་གཅོད་ཀྱི་ཕྱག་ལས་གནང་རྒྱུ་དེ་གལ་ཆེན་པོ་ཞིག་ཡིན་ཡང༌། དེ་ཐུབ་བསྟན་བསམ་གྲུབ་མ་ཡིན་ཡང་བྱེད་ཐུབ་པའི་ལས་ཀ་ཞིག་རེད་ལ། བཀའ་ཁྲི་འཚོལ་བའི་ལས་གཞི་དང་ཁོ་རང་གིས་བསམ་བློ་བཏང༌། ཁོ་རང་གིས་འཆར་གཞི་བསྒྲིགས་ནས་བཟོས་པའི་ལས་འཆར་ཞིག་ཡིན་པས། ད་ལྟའི་ཆར་གནད་དོན་འདིའི་ཐད་སུ་གཅིག་གིས་ཁོང་གི་ཚབ་བྱེད་མི་ཐུབ་པར་མཐོང༌། ཚང་མས་གལ་ཆེར་མཐོང་བའི་མ་འོངས་པའི་བཀའ་ཁྲི་འཚོལ་བའི་ལས་གཞི་འདིའང་མཇུག་བསྡུས་སོང་བ་མ་ཡིན་ནམ།