ཀ་མད་སུམ་བཅའི་གླེང་མོལ།

ཅ་ཅོ་འདོན་པར་རྒྱུན་གོམ་དུ་གྱུར་བ་དེ་དག་ནི

ཆ་རྒྱུས་མེད་པའི་བུད་མེད་གཅིག་བུ་ལས་མེད་པར་གླེང་ན

ཇ་ཁང་དུ་གཏན་འཛོམ་བྱེད་བཞིན་པའི་ཕོ་གསར་ལས་མེད་དེ་དག་གིས

ཉ་ཉོག་རྫོགས་རྒྱུ་མེད་པ་ཞིག་རྒྱུན་དུ་བཤད་བཞིན་པ་དེ་དག་བུད་མེད་རེད་དམ


ཏ་ལེན་འཁུར་ནས་རི་ལུང་མང་བོ་ཞིག་འགྲིམ་མྱོང་བ་ལས

ཐ་ན་ཉེ་འདབས་ཀྱི་གྲོང་བརྡལ་ཞིག་ལ་ཡང་རྒྱུས་མངའ་མེད་མཁན་དེ་ཚོས

ད་དུང་  རང་རློམ་གྱི་མགོ་བོ་སྟག་བརྗེ་བྱེད་ཞོར་དུ

ན་ཆུང་བུ་མོ་དེང་རབས་ཀྱི་མཛེས་ཉམས་ལྡན་པ་དག་ལ་འཕྱ་དམོད་བྱེད་དོན་གང་རེད


པ་སངས་ལྟ་བུའི་ལྷག་བསམ་མེད་ན་ཡང་

ཕ་རོལ་ལ་རྒྱུས་མངའ་དང་ཉམ་མྱོང་མེད་པ་དག་གིས་ལོ་རྒྱུས་རྟོགས་བཟོའི་ལམ་ནས

བ་གླང་དུད་འགྲོ་ལས་ཀྱང་དམའ་བར་བརྩིས་དེ་སྨད་པ་དེ་ནི

མ་དྲིན་མོ་ཆེ་གཙོ་བའི་བུད་མེད་རིགས་ལ་ངོ་མི་གནོང་ངམ


ཙ་རི་གནས་ཆེན་སོགས་ལ་འགྲིམ་མྱོང་བ་ཞིག་ཕར་ཞོག

ཚ་བའི་ལུང་དུ་བསྡད་ནས་རྒྱག་གཏམ་ཆེས་མང་བོ་ཞིག  སྨྱུག་རྩེ་རུ་བླངས་དེ

ཛ་དྲག་གི་གནས་སྟངས་འོག་གནས་པའི་རང་རིགས་སྤུན་ཟླའི་བསྐོར་མི་གླེང་བར

ཝ་མ་ཝོལ་དུ་རང་ཁ་སྐྱག་ལང་དུ་བཏང་དོན་ཡང་བོད་དོན་རེད་དམ


ཞ་ཞོར་དུ  ཐག་རིང་ས་ནས  ཉེན་ཁ་མེད་ས་ནས ལས་ཀ་མེད་ས་ནས

ཟ་ཁང་དང་ཇ་ཁང་  ཡང་ན་གསར་བུ་ཚོ་ཆང་ཁང་དུ་འཛོམ་དུས

འུ་ཅག་གི་རིགས་ཀྱི་ནང་གི་ཆེས་རླབས་ཆེན་རང་བཞིན་གྱི་མ་མ་ཚོ་ལ

ཡ་རབ་ལུགས་སྲོལ་དང་བྲལ་བའི་སྐད་ཆ་འདི་དག་བཤད་དེ་བསྡོད་པ་ནི་གང་རེད


ར་རོ་ཆང་གི་བཟི་ན   ར་བཟི་བ་ཞེས་བཤད་པའི་སྐད་ཆ་ལ་སྙིང་བོ་མེད་པ་ཤེས་ཀྱི་ཡོད

ལ་རྒྱ་དང་རིགས་ཞེན་གྱི་བཟི་བའི་དྲ་གྲོགས་ཁྱེད་ཅག་ལ་ག་རེ་བྱུང་བ་ཡིན་ནམ་སྙམ་ནས

ཤ་དང་རུས་པའི་གསེང་ནས་གཞུར་ནས་འོང་བའི་སྐད་ཆ་འདི

ས་མཐའ་ནས་ ལས་དབང་སྐྱིད་སྡུག་གཅིག་འཁྲི་བའི་བོད་མིང་བས


ཧ་ཧ་ཧ   ད་ནི་ཕོ་གསར་འདིས་དངོས་ནས་དགོད་སྤྲོ་བོ་ཞིག་བྲིས་འདུག་སྙམ་ན

ཨ་མའི་བུ  ཁྱེད་ཅག་གིས་རང་གི་དྲིན་ཆེན་ཨ་མ་ལྟ་བའི་བུད་མེད་དག་ལ་བྲིས་པ་དེར

ཧ་ཧ་ཧ་ཟེར་ནས་དགོད་རྒྱུ་འདུག་གམ་བསམ་བློ་བཏང་ནས

ཨ་མའི་བུ་ལོ་ང་ལ་ལན་རེ་བྲིས་ན་འགྲིག་གི་རེད