ྋསྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཞིང་གཞན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

བི་མའི་ཟློས་གར་མཁན་ཆེན་ངག་གི་དབང་པོས་དཔལ་ཡུལ་ཕྱག་མཛོད་རིགས་རྒ་བསམ་གྲུབ་ལ་ཁྱེའུ་འདི་ཉིད་གྲུབ་དབང་སྐུ་ཕྲེང་གཉིས་པ་དཔལ་ཆེན་འདུས་པ་རྩལ་གྱི་ཡང་སྲིད་འཁྲུལ་མེད་ཡིན་པ་ངོས་འཛིན་མཛད་དེ་སྐུ་ཚེ་འདི་ཉིད་ལ་རྣམ་དཀར་འཕྲིན་ལས་ཀྱི་འོད་སྣང་མཐའི་རྒྱ་མཚོ་ཚུན་ཆད་ཁྱབ་པར་འགྱུར་བའི་ལུང་བསྟན་གསལ་པོ་གནང༌། དབུ་སྐྲ་གཙུག་ཕུད་བཞེས་ཏེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་གྲོལ་དང༌། སྐུ་རྟེན་བྱིན་ཆེན་ཞིག་ཐོག་མའི་རྟེན་འབྲེལ་ཚུལ་དང་བསྩལ། དགུང་གྲངས་བཅུ་གཉིས་ཕེབས་སྐབས་རིགས་བདག་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཟླ་བ་དང༌། སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་མཁན་སྤྲུལ་འདུས་པ་སྟོང་ཕྲག་དུ་མའི་དབུས་སུ་མི་འཇིགས་སེང་གེའི་ཁྲིར་མངའ་གསོལ། དགུང་གྲངས་བཅུ་གསུམ་སོན་སྐབས་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་བཅུ་བཞིར་ཕེབས་སྐབས་མགོ་ལོག་དར་ཐང་དགོན་དུ་ཞབས་སོར་འཁོད། མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་དུ་ལོ་གསུམ་གྱི་བཅད་རྒྱ་དམ་པོར་བཞུགས། དེའི་ཚེ་དབང་ལུང་ཁྲིད་རྒྱུན་དཀོན་རིགས་དང་སྔོན་འགྲོ་བསགས་སྦྱངས་གཏུམ་མོ་འཕྲུལ་འཁོར་གྱི་རིམ་པ་སོགས་དང༌། ཁྱད་པར་དུ་རྫོགས་ཆེན་སངས་རྒྱས་ལག་འཆང་མན་ངག་སྙན་བརྒྱུད་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ཉིད་ནས་ཀ་དག་ལྷན་གྲུབ་ཀྱི་ཉམས་ལེན་ཁོ་ནར་ཉིན་མཚན་བར་མེད་བརྩོན་པ་ཆེར་མཛད་པས་ལྟ་སྒོམ་གྱི་གདེང་ཚད་མཐོན་པོར་ཕེབས་པའི་ཚུལ་ལ་དམ་པ་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། གཞན་ཡང་རྩ་བ་གསུམ་དང་རྒྱུད་སྡེ་གོང་འོག་གི་ཟབ་གནད་རྣམས་ཀྱི་བསྙེན་ཚད་མཐར་ཕྱིན་པར་མཛད། དགུང་ལོ་བཅོ་བརྒྱད་ལ་དཔལ་ཡུལ་དགོན་དུ་ཕེབས་ནས་མཁན་པོ་ནུས་ལྡན་དང༌། མཁན་པོ་མགོན་གྲུབ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་རིས་སུ་མ་ཆད་པའི་གཞུང་ལུགས་དང༌། ཁྱད་པར་སྔ་འགྱུར་རང་ལུགས་ཀྱི་ལྟ་གྲུབ་ཐུན་མིན་རྣམས་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་པས་མཁས་དང་གྲུབ་པའི་རྩེ་མོར་སོན། དགུང་གྲངས་ཉི་ཤུ་རྩ་གཅིག་ལ་དར་ཐང་དུ་ཕེབས་ཏེ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས། སླར་མ་དགོན་དུ་ཕེབས་ཏེ། གོ་འཇོ་དང་སྡེ་དགེ་སོགས་ཡུལ་ལུང་དུ་མ་ནས་གསོལ་བ་བཏབ་པ་བཞིན་རྒྱལ་བསྟན་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་གྱི་ཆེད་དཔལ་ཡུལ་བརྡ་གོ་རི་ཁྲོད་དུ་ལུང་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། མཁན་ཆེན་ནུས་ལྡན་རྣམ་གཉིས་གཙོས་འདུས་པ་བརྒྱ་ཕྲག་དུ་མར་གནམ་ཆོས་མི་འགྱུར་རྡོ་རྗེའི་གཏེར་ཁ་ཡོངས་རྫོགས་ཀྱི་སྨིན་གྲོལ་ལན་གཅིག་སྩོལ་གནང་གིས་གཞན་དོན་རླབས་ཆེན་གྱི་ཁུར་བཞེས། དགུང་གྲངས་ཉི་ཤུ་རྩ་བཞི་ལ་ལྷ་སའི་ཕྱོགས་གནས་གཟིགས་དང་འབྲེལ་ཆིབས་ཁ་བསྒྱུར། རིས་མེད་ཀྱི་གདན་ས་ཆེ་ཕྲ་རྣམས་ལ་མཆོད་འབུལ་དང་འབྲེལ་ཐུགས་སྨོན་ཟབ་རྒྱས་གནང༌། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་ཞལ་མཇལ་དང་ཚེ་དབང་ཟབ་མོའི་སྐལ་ བཟང་ཐོབ། སླར་དཔལ་ཡུལ་དུ་བྱོན་ནས་བསྟན་སྲིད་སྤྱི་བྱེར་སྨན་པའི་རིམ་གྲོ་ལོ་གཅིག་ཙམ་བསྒྲུབས། ཕྱི་ལོ་༡༩༥༧ ལོར་གདན་ས་གནས་ཞབས་བཏེགས་ཏེ་ལྷ་ས་སྤོ་བོ་སོགས་བརྒྱུད་ནས་ཕྱི་ལོ་༡༩༦༠ བའི་ལོར་རྒྱ་གར་ཨ་སཾ་དུ་ཕེབས། ༡༩༦༡ ལོར་རྒྱ་གར་ལྷོ་ཕྱོགས་མེ་སོར་གཞིས་ཁོངས་སུ་ཕེབས་པ་ནས་བཟུང་ཕྱི་ནང་སེར་སྐྱ་རྣམས་ཀྱི་རེ་འདོད་སྐོང་བཞིན་རྒྱལ་བསྟན་དྲི་མ་མེད་པ་འཁོར་ལོ་གསུམ་གྱི་བྱ་བས་ད་ལྟའི་བར་འཛིན་སྐྱོང་སྤེལ་ཅིང༌། གཞན་དོན་དུ་སྨིན་གྲོལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱང་ཚུལ་ནི། ཕྱི་ལོ་༡༩༨༧ ལོར་བོད་དུ་ཡོད་པའི་དཔལ་ཡུལ་མ་དགོན་དུ་མཁན་སྤྲུལ་འདུས་པ་སྟོང་ཕྲག་དུ་མ་ལ། བཀའ་བརྒྱད། དགོངས་འདུས། བཀའ་མ་ཡོངས་རྫོགས་ཀྱི་དབང་ལུང་དང༌། སླར་ཡང་༡༩༩༢ ལོར་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཡོངས་རྫོགས་བཀའ་དྲིན་བསྩལ། དེ་རྗེས་༡༩༩༤ ལོར་མགོ་ལོག་དར་ཐང་དགོན་དུ་མཁན་སྤྲུལ་འདུས་པ་ལྔ་སྟོང་བརྒལ་བ་གཏེར་མཛོད་དབང་ལུང་ཆ་ཚང་གནང༌། རྒྱ་གར་རྣམ་གྲོལ་གླིང་དུ་རིན་ཆེན་ཆེན་གཏེར་མཛོད་ཆེན་མོ་དང༌། གནམ་ཆོས། རཏ་གླིང༌། བཀའ་མའི་ཆོས་སྐོར་ཆ་ཚང༌། བཀའ་བརྒྱད། དགོངས་འདུས། ཀར་གླིང་ཞི་ཁྲོ། འཇའ་ཚོད་པོད་དྲུག སྙིང་ཐིག་རྩ་པོད་བཅས་ཀྱི་སྨིན་གྲོལ་བསྩལ་བ་དང༌། འདུས་མདོ་པོད་བཞི་དང༌། ཡིད་བཞིན་མཛོད་རང་འགྲེལ་གཉིས་ཀྱི་བཤད་ཁྲིད་དང༌། གྲུབ་དབང་གོང་མའི་བཀའ་འབུམ་ཆ་ཚང༌། རྫོགས་ཆེན་སངས་རྒྱས་ལག་འཆང་གི་ཁྲིད་འགྲེལ་ཆེན་མོ། ཐུགས་ཆེན་དམར་ཁྲིད་སོགས་ཀྱི་ཁྲིད་ལུང་གནང༌། གཞན་ཡང་བལ་ཡུལ་ཞེ་ཆེན་དགོན་དུ་ྋསྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་བཞེད་བཞིན་འདུས་མདོའི་དབང་ཆེན་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་སོགས་བསྩལ། དེ་རྗེས་སེར་སྐྱ་ཁྲི་ཕྲག་མང་པོར་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་དང༌། འབྲུག་ཕུན་ཚོགས་གླིང་དུ་འདུས་པ་ཁྲི་ཕྲག་མང་པོར་གནམ་ཆོས་དབང་ལུང་ཡོངས་རྫོགས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དུ་གནམ་ཆོས་རཏ་གླིང་བཅས་ཀྱི་དབང་ལུང་དང༌། རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྔོན་འགྲོ། རྩ་རླུང༌། ཀ་དག་ཁྲེགས་ཆོད། ལྷུན་གྲུབ་ཐོད་རྒལ་དང་བཅས་པའི་ཁྲིད་ལུང་གནང་བ་དང༌། ཁྱད་པར་དུ་ཨ་རི། ཁེ་ན་ཌ། དབྱིན་ཡུལ། ཐེ་ཝན། ཧོང་ཀོང་སོགས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ། གནམ་ཆོས། བཀའ་མ། གཏེར་མཛོད། སྙིང་ཐིག་རྩ་པོད། སྙིང་ཐིག་ཡ་བཞི། དཔལ་དུས་ཀྱི་འཁོར་ལོ་སོགས་ཀྱི་དབང་ལུང་ཁྲིད་གསུམ་བཀའ་དྲིན་བསྩལ་བའི་སྒོ་ནས་ ཕྱོགས་དང་རིས་སུ་མ་ཆད་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་དམ་ཆོས་ཟབ་མོའི་བདུད་རྩིས་ཚིམ་པར་མཛད།
    
སྐུ་ངལ་དུ་མ་ཁྱད་བསད་ཀྱིས་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་ཐེག་མཆོག་བཤད་སྒྲུབ་རྣམ་གྲོལ་དར་རྒྱས་དགོན་པའི་རྟེན་དང་བརྟེན་པ་བཅས་ཡོངས་སུ་རྫོགས་པ་གསར་བཞེངས་གནང་བ་མ་ཟད། ཐོས་བསམ་བཤད་སྒྲུབ་ཀྱི་སྡེ་དབྱར་མཚོ་བཞིན་རྒྱས་ནས་ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་སྡེས་ཁྱབ་པར་མཛད་པ་སོགས་རྒྱ་བལ་ཡུལ་འབྲུག་གསུམ་དང༌། བོད་ནང་སོགས་སུ་ཆིབས་བསྒྱུར་གནང་ནས་རྒྱལ་བསྟན་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སོགས་ཀྱི་ཐད་བླ་ན་མེད་པའི་མཛད་རྗེས་རི་རབ་ཀྱི་གཏོས་དང་མཉམ་པ་ཞིག་འཇོག་གནང་མཛད་པ་སོགས་ཟུར་ཙམ་བརྗོད་ཀྱིས་མི་ལང་ངོ༌།། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་ནས་བསྙུན་གཞི་བཞེས་ཚུལ་བསྟན་ཡོད་པ་དང༌། ཟླ་འདིའི་ཚེས་༢༧ དགོང་མོ་ཆུ་ཚོད་༨ དང་སྐར་མ་༢༠ ཐེག་མཆོག་རྣམ་གྲོལ་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཡོད་པ་རེད། ཁོང་གི་མཛད་རྣམ་མདོར་བསྡུས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོའི་སྒོ་འབྱེད་མཛད་སྒོའི་དྲན་དེབ་ལས་བཏུས།