ལྷ་སར་རང་དབང་གི་ཐོག་ནས་བསྐྱོད་རྒྱུའི་གོ་སྐབས་ཕྲོགས་སོང༌།

བརྙན་འཕྲིན་གྱི་བརྒྱུད་བསྒྲགས་དང་རྩོམ་ཡིག་ཡོངས་རྫོགས་བོད་ཡར་རྒྱས་སོང་བའི་སྐོར་ཁོ་ན་ཡིན་པ་མ་ཟད། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་བརྙན་འཕྲིན་ནང་རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་ཀྱི་གནས་སྟངས་ཐོག སེམས་ཁུར་དང་ལྟ་སྐྱོང་ཇི་ལྟར་བྱས་ཡོད་མེད་ཀྱི་འགྲེལ་བརྗོད་བྱས་ཡོད་པ་རེད༌།
    དེའི་ནང་འཁོད་དོན། དེ་རིང་གི་དུས་དྲན་སྲུང་བརྩི་བྱེད་པའི་ཉིན་མོ་འདི་ནི་ནུབ་ཕྱོ    ང་དང་ངའི་རོགས་པ་ངེད་གཉིས་བྷི་བྷི་སིའི་གསར་འགོད་ཀྱི་མིང་ཐོག་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པར་དམིགས་སུ་བཀར་ནས་བོད་ཀྱི་གནས་བབ་ཐད་སྐར་མ་༦ གི་རིང་ལ་དྲི་བ་གཏོང་རྒྱུའི་དུས་ཚོད་རག་ཡོད་ཀྱང༌། སྐར་མ་༦ རིང་གི་དྲིས་ལན་དེ་ངེད་གཉིས་ཀྱི་དྲི་བ་དང་ལྡོག་ཕྱོགས་ཤ་སྟག་རེད་འདུག་པས། ངའི་ལས་རོགས་ཀྱིས་རྒྱ་ནག་གིས་བོད་ཀྱི་གནས་སྟངས་ཐོག་འགྲེལ་བརྗོད་བྱས་པའི་འོད་སྡེར་གཉིས་དེ་མགྲིན་ཚབ་པར་ཕྱིར་སློག་བྱས་སོང༌།
    དེ་བཞིན་རྒྱ་ནག་གཞུང་གི་གོ་སྒྲིག་འོག་ནས་མི་ལོ་༥༠ འཁོར་བའི་དུས་དྲན་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་བསྐོངས་ཚོགས་བྱས་པ་དེར། ང་ཚོ་བྷི་བྷི་སིའི་གསར་འགོད་པའི་ངོས་ནས་གལ་ཆེ་དོན་ཆེན་དུ་བརྩིས་ནས་འགྲོ་འདོད་སྐྱེས་ཀྱང༌། རྒྱ་ནག་གཞུང་གིས་ལྷ་སར་རང་དབང་གི་ཐོག་ནས་བསྐྱོད་རྒྱུའི་གོ་སྐབས་ཕྲོགས་སོང་ལ་བོད་ཀྱི་གནད་དོན་གཞན་ཡང་དུས་ཐོག་མཁོ་སྤྲོད་ཀྱི་གོ་སྐབས་མི་འདུག དེ་དང་གཅིག་མཚུངས་ནུབ་ཕྱོགས་པ་རྣམས་བོད་ཀྱི་ས་ཁུལ་དུ་འགྲོ་བསྐྱོད་བཀག་བསྡོམས་བྱས་ཡོད་ཅིང་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་དོ་ནན་པོའི་ཐོག་ནས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་འདེམས་སྒྲུག་བྱས་པའི་ནང། སྦི་སྦི་སི་གཙོ་བོར་གྱུར་པའི་ཕྱི་རྒྱལ་གྱི་གསར་འགོད་པ་མང་ཆེ་བར་ཆོག་མཆན་སྤྲད་མ་སོང༌། རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོས་བོད་ནང་ཡོད་པའི་བོད་མི་བརྒྱུད་དངོས་ཡོད་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཐུབ་མ་སོང༌།
    དེ་ནས་ང་དང་ངའི་རོགས་པ་ངེད་གཉིས་པེ་ཅིང་དུ་གོ་སྒྲིག་བྱས་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་སོང་བ་ཡིན། སྐབས་དེར་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཚོས་སྐད་ཤུགས་ཆེན་པོ་དང་གདོང་ལ་འཛུམ་གྱིས་ཁེངས་ནས་ལྟད་མོ་བ་ཚོར་སྣེ་འཁྲིད་བྱེད་ཀྱི་འདུག འགྲེམས་སྟོན་ཁང་དུ་བཀོད་སྒྲིག་བྱས་ཡོད་པ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་བསྒྱུར་བཅོས་མ་བཏང་བའི་སྔོན་དུ། བོད་ཀྱི་སྐུ་དྲག་དང་དཔོན་རིགས་བླ་མ་སོགས་ཀྱིས་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་བྱས་ཏེ་བོད་མི་རྣམས་ལ་དཀའ་ངལ་ག་ཚོད་སྤྲད་ཡོད་མེད་ཀྱི་སྐོར་ཞིག་དང༌། འགྲེམས་སྟོན་ཕྱོགས་གཅིག་ཏུ་སྐུ་དྲག་དང་དཔོན་རིགས་བླ་མ་སོགས་ཀྱིས་བག་མེད་ལོངས་སྤྱོད་བྱས་ཏེ་འཚོ་བ་ཧ་ཅང་སྐྱིད་པོ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་འདུག ཡང་ཕྱོགས་གཞན་དུ་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་མགོ་རྟིང་སློག་ནས་བོད་ཀྱི་གནས་སྟངས་ལ་འགྱུར་བ་ག་ཚོད་སོང་ཡོད་མེད་དང༌། དེ་ནས་རིམ་གྱིས་མེ་འཁོར་ལྕགས་ལམ་དང་སྨན་ཁང༌། གཞུང་ལམ། དེང་རབས་ཀྱི་དངོས་ཆས་སོགས་བོད་དུ་ཇི་ལྟར་དར་ཡོད་མེད་བཅས། རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་བཅིངས་འགྲོལ་བཏང་ནས་བོད་མི་ཚོར་བདེ་བ་དང་འདོད་བློ་ཚིམས་ནས་བསྡད་པའི་སྐོར་གྱི་གནས་ཚུལ་རྣམས་རེད། ཕྱོགས་ཅིག་ཏུ་ཕྱི་ལོ་༢༠༠༨ ལོའི་ཟླ་བ་༣ པའི་ནང་བོད་དུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་སྐོར་ཞིག་འགྲེམས་སྟོན་བྱས་ཡོད་པའི་ཁ་བྱང་དུ། ཏཱ་ལའི་རུ་ཚོགས་ཀྱིས་སྟོང་བསམ་བསྐྱར་གསོ་བྱས་པ་ཞེས་འཁོད་ཡོད་པའི་རིགས་གཅིག་དང༌། དེ་དང་མཉམ་དུ་གསར་འགྱུར་གཏོང་སྤེལ་གྱི་འཁྱོག་བཤད་ཟེར་བའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་ཕྱི་ལོ་༢༠༠༨ ལོར་བོད་ཀྱི་གཟིང་འཁྲུག་སྐབས་གསར་འགྱུར་སྤེལ་བའི་ནང༌། བོད་ཀྱི་རྒྱབ་ལ་ལངས་ཏེ་དངོས་ཡོད་གནས་ཚུལ་ལ་འགྲེལ་བརྗོད་ལོག་པ་བརྒྱབ་ཡོད་པའི་སྐོར་ཞིག་འགྲེམས་སྟོན་བྱས་འདུག འགྲེམས་སྟོན་ཁང་དུ་ཡོང་བའི་མགྲོན་པོ་རྣམས་ལ་སྐུ་མགྲོན་ལག་དེབ་ཟེར་བ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་ནང་དུ་ནུབ་ཕྱོགས་པའི་དྲག་སྤྱོད་ཀྱིས་བོད་ཀྱི་ཡར་རྒྱས་འགོག་ཐབས་མེད། ཕུལ་དུ་བྱུང་བའི་རྒྱ་ནག་དམར་ཕྱོགས་ཚོགས་པ་ཁོ་ནས་བོད་མི་ས་ཡ་མང་པོ་ཞིང་བྲན་ལམ་ལུགས་འོག་ནས་བཅིངས་འགྲོལ་བཏང་ཡོད། བཙན་གནོན་གང་ཞིག་གིས་བོད་ཁ་བྲལ་གཏོང་ཐབས་བྱས་པ་དེ་ཕམ་ཉེས་བཏང་ཟིན་པ་རེད་ཅེས་འཁོད་འདུག
    གསར་འགོད་པས་མུ་མཐུད་བརྗོད་དོན། རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱ་ནག་རང་གི་མི་དམངས་ཕོན་ཆེ་བའི་བསམ་བློ་དབང་བསྒྱུར་བྱེད་ཐུབ་ཡོད་ཀྱང༌། ནུབ་ཕྱོགས་པའི་བསམ་བློ་ལ་མཛད་སྒོ་དང་འགྲེམས་སྟོན། བརྙན་འཕྲིན་ལེ་ཚན་སོགས་ཀྱིས་ད་དུང་ཡང་དབང་བསྒྱུར་བྱེད་ཐུབ་མེད་ཅིང༌། རྒྱ་ནག་དམར་ཕྱོགས་ཚོགས་པ་ལམ་ལྷོང་ཡོང་བར་འགོག་རྐྱེན་ཆེ་ཤོས་ནི་ྋཏཱ་ལའི་བླ་མ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ཡིན་ནའང་འཛམ་བུ་གླིང་ནང་ཧ་ཅང་སྙན་གྲགས་ཆེ་བའི་ྋཏཱ་ལའི་བླ་མས་དབྱིན་སྐད་ཐོག་ནས་འཛམ་གླིང་ཞི་བདེ་དང་བོད་རང་དབང་གི་ཆེད་དུ་བསྔོ་སྨོན་བྱེད་པའི་གཟི་བརྗིད་དེ་ལ། ཁྱེད་ཀྱིས་ཇི་ལྟར་བྱས་ཏེ་རྒོལ་ལན་སློག་ཐུབ་བམ། གལ་སྲིད་ཁྱེད་ཉིད་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་མི་ཡིན་ན། རྒྱ་ནག་དམར་ཕྱོགས་ཚོགས་པས་ྋཏཱ་ལའི་བླ་མ་བདག་གིར་བྱེད་རྒྱུར་ཐབས་ཤེས་བྱེད་བཞིན་པ་ལྟར། ཁྱེད་ཀྱིས་ཀྱང་ྋཏཱ་ལའི་བླ་མ་བདག་གིར་བྱེད་པར་ཐབས་ཤེས་གཏོང་ངེས་པ་རེད།
    ཡིན་ནའང་རྒྱ་ནག་དམར་གཞུང་ལ་ྋཏཱ་ལའི་བླ་མ་བརྗེ་བསྒྱུར་བྱས་པའི་གྲྭ་པ་དབྱིན་སྐད་ཐོག་འཛམ་གླིང་ཞི་བདེ་ལ་བསྔོ་སྨོན་བྱེད་མཁན་གཅིག་ཡོད། ཡིན་ནའང་གྲྭ་པ་དེས་བོད་རང་དབང་གི་ཆེད་དུ་བསྔོ་སྨོན་བྱེད་ཀྱི་མེད་ལ། དེས་བོད་ལ་རང་དབང་ཐོབ་ཟིན་པའི་གཏམ་གླེང་བྱེད་མཁན་གྱི་གཙོ་བོ་དེ་རེད། དེ་ནི་རང་ལོ་༡༩ ལ་སོན་ཞིང་རྒྱ་ནག་དམར་ཕྱོགས་ཚོགས་པས་བདམས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་རེད། ཕྱི་ཟླ་༣ པའི་ཚེས་༣༠ ཉིན་རྒྱ་ནག་ཤར་ཁུལ་དུ་གོ་སྒྲིག་བྱས་པའི་འཛམ་གླིང་ནང་པའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་དབུ་འབྱེད་མཛད་སྒོའི་ཐོག པཎ་ཆེན་བླ་མ་འདིས་དབྱིན་སྐད་ཐོག་ནས་གཏམ་བཤད་གནང་བས་མ་ཚད། རེས་གཟའ་ཟླ་བའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པའི་གླེང་སྟེགས་ཐོག པཎ་ཆེན་བླ་མས་བོད་ནང་རང་དབང་ཡོད་པའི་སྐོར་གྱི་ཆེད་རྩོམ་ཞིག་ཀྱང་བྲིས་ཡོད་པ་དང༌། པཎ་ཆེན་བླ་མ་དང་ཁོང་གིས་གནང་བའི་དབྱིན་སྐད་ཐོག་གི་གཏམ་བཤད་དང་ཚགས་པར་སྟེང་གི་ཆེད་རྩོམ་བཅས་དམངས་ཁྲོད་དུ་ཁྱབ་བསྒྲགས་ཤུགས་ཆེར་བྱས་པ་དེ། རྒྱ་ནག་དམར་ཕྱོགས་ཚོགས་པས་འཛམ་བུ་གླིང་ལ་རང་ལོ་༡༩ ལ་སོན་པའི་པཎ་ཆེན་བླ་མ་འདི། དགུང་ལོ་༧༣ ལ་ཕེབས་པའི་ཏཱ་ལའི་བླ་མ་བརྗེ་བསྒྱུར་བྱེད་ཐུབ་མཁན་གྱི་དགྲ་ཁ་གཏད་ཡིན་པ་ངོ་སྤྲོད་བྱེད་པའི་རྣམ་པ་མངོན་ཡོད་པ་རེད་ཅེས་གསར་འགོད་པས་བརྗོད་ཡོད་པ་རེད།།