སུམ་ཅུ་པ་བདག་སྒྲའི་སྐོར་དཔྱད་བརྗོད།

དང་པོ། བདག་སྒྲ་བསྟན་པའི་རྩ་བ།
བདག་སྒྲ་བསྟན་པའི་རྩ་བ་ནི། བསྟན་འགྱུར་ནང་བཞུགས་པའི་སུམ་ཅུ་པའི་རྩ་བ་ལས། གང་མིང་གི་ནི་མ་ཐ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་འབྱུང་ཞིང༌། སྤྱིར་སྡེ་དགེ་བསྟན་འགྱུར་དང༌། ཅོ་ནེ་བསྟན་འགྱུར། སྣར་ཐང་བསྟན་འགྱུར། པེ་ཅིང་བསྟན་འགྱུར་བཅས་ཀྱི་ནང་དུ་གསལ་བའི་སུམ་ཅུ་པའི་རྩ་བར་ཚིག་འབྲུ་མི་འདྲ་བ་ཁག་བཞི་བཅུ་ཙམ་དང༌། རྟགས་འཇུག་ལ་ཉི་ཤུ་ནང་གི་ཁྱད་པར་ཡོད་ཅིང༌། འདིར་བྲིས་པའི་སུམ་རྟགས་ཀྱི་རྩ་ཚིག་འདི་རྣམས་ལའང་ཚིག་རེ་ཤས་མི་འདྲ་བ་སྣང་ཡང༌། གོང་འོག་བཀོད་དགོས་སུ་གྱུར་པའི་སུམ་རྟགས་ཀྱི་རྩ་ཚིག་རྣམས་ནི་བསྟན་འགྱུར་དག་ཤོས་སྡེ་དགེའི་དཔར་མ་ལ་གཞི་བཅོལ་ཏེ་དཔར་བསྐྲུན་བྱས་པའི་ཉེ་རབས་བོད་ནས་བསྟན་འགྱུར་དེབ་གཟུགས་ཅན་གཞིར་བཟུང་ནས་བཀོད་པ་ཡིན་ནོ། །

གཉིས་པ། སྔ་མ་དག་གིས་བདག་སྒྲའི་རྩ་ཚིག་འགྲེལ་སྟངས་ལ་དཔྱད་པ།
སྔ་མ་དག་གིས་བདག་སྒྲའི་རྩ་ཚིག་འགྲེལ་སྟངས་ནི། སྤྱིར་བོད་སྐད་ལེགས་པར་ཤེས་ན་ཕྲད་རང་དབང་ཅན་ལ་འགྲེལ་མི་དགོས་པ་ལྟ་བུ་ཞིག་ཏུ་མཐོང་ནའང༌། སྔ་མ་མང་པོས་བདག་སྒྲའི་སྐབས་འདི་ནས་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་གོ་བ་མ་བླངས་པར་སྤྲེའུས་ཁྲོན་པའི་ཟླ་བ་ལེན་པར་ཆས་པའི་གཏམ་རྒྱུད་བཞིན། འགྲེལ་བཤད་ཚིག་འགྲོས་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་དུ་སྔ་འགྲེལ་ཚང་མ་ཕྱི་མས་སྔ་མའི་ཚིག་གི་མཇུག་མ་ལ་འཐམ་སྟེ་དཔེ་བཤུས་བྱས་པ་ཙམ་ལས་མེད་དཻ། ས་པཎ་གྱིས། དཔེར་ན། ཕྲིན་ལས་པ། རྟ་པ། གྲུབ་པ་ལྟ་བུ་དང༌། སྐབས་འགར་པོ་དང་མོ་དང་མ་རིགས་མཚུངས་འདྲེན་ནོ་ཞེས་དཔེར་བརྗོད་དང༌། རྣམ་གླིང་པས་གང་ཡང་རུང་བའི་མིང་གི་མ་མཐའ་ན་པུ་རུཥ་ནི་སྐྱེས་བུའི་དོན་ཏེ་རུ་དང་ཥ་ཕྱིས་པས་པུ་དང༌། ལིངྒ་ཞེས་པ་རྟགས་སམ་མཚན་མ་ལ་འཇུག་པས་ན་པུ་ལིངྒ་ནི་ཕོའི་རྟགས་མཚོན་པར་བྱེད་དོ་ཞེས་སོགས་ཚིག་འགྲེལ་དང་དཔེར་བརྗོད་གང་ལ་བལྟས་ཀྱང་སྔ་མ་ཐམས་ཅད་འདི་བཞིན་གཅིག་མཚུངས་སུ་བཀྲལ་ཏོ། །

གསུམ་པ། སྔ་མ་དག་གི་འདོད་པ་བཀག་པ།
འདི་ནས་སྔ་འགྲེལ་ཀུན་གྱིས་འདིའི་འགྲེལ་བཤད་ཡིད་ཚིམ་པར་རྒྱག་མཁན་སུ་ཡང་བྱུང་མེད་དེ། རྣམ་གླིང་སོགས་མང་པོས་གང་ཡང་རུང་བའི་མིང་གི་མ་མཐའ་ན་པུ་རུཥ་ནི་སྐྱེས་བུའི་དོན་ཏེ་རུ་དང་ཥ་ཕྱིས་པས་པུ་དང༌། ལིངྒ་ཞེས་པ་རྟགས་སམ་མཚན་མ་ལ་འཇུག་པས་ན་པུ་ལིངྒ་ནི་ཕོའི་རྟགས་མཚོན་པར་བྱེད་དོ་ཟེར་བས། སྐབས་འདིར་མཁས་པ་རྣམས་ཀྱིས་བདག་སྒྲ་བསྟན་པའི་རྩ་ཚིགས་ཀྱིས་བདག་སྒྲའི་ཕྲད་གང་བསྟན་གྱི་ཡོད་མེད་སོགས་ངོས་འཛིན་གསལ་པོ་མ་བྱས་ཁར། དེ་ལས་ལྡོག་སྟེ། པུ་རུཥ་སྐྱེས་བུའི་དོན་དང་ལིངྒ་ཕོ་རྟགས་དང༌། ཕོ་རྟགས་མཚོན་པར་བྱེད་པ་ཞེས་དང༌། འགའ་ཤས་ཀྱིས། དཔེར་ན། སྐྱེས་པའི་རྟགས་དང་ལྡན་པ་ནི་ཁྱིམ་གྱི་བདག་པོ་ཡིན་པ་བཞིན་དུ། མིང་བརྗོད་པའི་ཚེ་བདག་པོ་ཡི་སྒྲ་མེད་པ། དེ་ལ་པུ་ལིངྒ་སྟེ་དབང་བྱེད་ཀྱི་དོན་གསལ་བར་ནུས་པའི་ཕྲད་རང་དབང་ཅན་པ་དང་པོ་གཉིས་སྦྱར་བ་ན། དོན་ལ་དབང་བའི་བདག་པོའི་ས་སྟེ་བརྗོད་དོན་གང་དང་ལྡན་པའི་གང་ཟག་གི་གཞི་སྟོན་པར་བྱེད་པའི་སྒྲ་ཡིན་པར་ནི་ཤེས་པར་བྱ་དགོས་སོ་ཞེས་སོགས་འགྲེལ་བ་དང༌། ལ་ལས། དཔེར་ན། ཁྱིམ་གྱི་བདག་པོ་སྐྱེས་པ་ལས་བུད་མེད་མེད་པ་མིན་ཡང་གཙོ་ཆེ་བར་དགོངས་ནས་སྐྱེས་པའི་རྟགས་ལྡན་པས་ཁྱིམ་གྱི་བདག་པོའི་དཔེར་བཀོད་པ་གཞིན་ཡིན་ནོ་སྙམ་མོ་ཞེས་སོགས་འབྱུང་བ་ནི། ཆུ་མེད་སར་རགས་བརྩིགས་པའི་དཔེ་བཞིན། འབྲེལ་མེད་ཀྱི་ཁུངས་བཙལ་ནས་འཆར་ཡན་གྱི་གཏམ་ཁོ་ན་ལས་མ་འདས་ཏེ། སྐྱེས་པའི་རྟགས་དང་ལྡན་པ་ནི་ཁྱིམ་གྱི་བདག་པོ་ཡིན་པ་སུས་ཀྱང་གཏན་ལ་མ་ཕབ་ཅིང༌། ཡུལ་རེ་འགའི་ཁྱིམ་བདག་སྐྱེས་པའི་རྟགས་དང་ལྡན་པ་དང༌། ཡུལ་རེ་ཤས་ཀྱི་ཁྱིམ་བདག་བུད་མེད་ཀྱི་རྟགས་དང་ལྡན་པའང་ཡོད་སྲིད་པས་ཁྱབ་པ་མ་ངེས་ལ། གལ་ཏེ་དེ་བཞིན་ཡིན་ནའང་སྐབས་འདིར་འབྲེལ་བ་སྤུ་ཙམ་མ་གྲུབ་པ་ཡིན་ནོ། ། ༑ ཡང་རེ་འགས། སྐྱེས་པའམ་ནུས་ལྡན་གྱི་རྟགས་ཅན་དུ་གོ་བར་བྱེད་པ་སྟེ་ཞེས་བཤད་པ་ནི་རང་ལྟ་མཆོག་འཛིན་ཁོ་ནས་བཤད་པར་མཐོང་སྟེ། སྐྱེས་པ་ནི་ནུས་ལྡན་དང་བུད་མེད་ནུས་མེད་ཡིན་པའི་ཁུངས་མེད་ལ་ཡོད་ན་སྨྲ་དགོས་ཤིང༌། སྐྱེས་པས་ནུས་ཚད་བུད་མེད་ཀྱིས་མི་ནུས་པའི་གནས་ལུགས་བཤད་ན། བུད་མེད་ཀྱིས་ནུས་ཚད་སྐྱེས་པས་ཀྱང་མི་ནུས་པ་མགོ་མཚུངས་ཡིན་པའི་གནས་ལུགས་ལུང་རིགས་ཀྱིས་བསྒྲུབ་མི་དགོས་པར་དངོས་སུ་བལྟས་ན་ཤེས་ལ། མགོ་གང་བྱས་དྲིས་པར་རྐུབ་ལུག་གིས་རྡུང་ལུགས་ཀྱི་ལན་འདེབས་པའི་བཤད་སྒྲོས་དང་མཚུངས་ཤིང༌། །གང་ལྟར་འདི་ནས་སྔ་འགྲེལ་ཡོད་ཚད་ཀྱིས་རྒྱ་མཚོའི་ནོར་བུ་ལེན་འདོད་པ་ལ་གྲུ་རྫིངས་ཀྱི་ཁ་ལོ་ཐང་ལ་དཀྱུས་པ་དང་འདྲ་བར་སྣང་སྟེ། གཞུང་ཆེན་མོར། བ་ལ་འོ་མ་འཇོ་བར་འདོད་པས་རྭ་ལ་འཐེན་པ་བཞིན་ནོ་ཞེས་གསུངས་པའི་ལུང་དོན་དངོས་ཐོག་ཏུ་བབ་པ་དང༌། སྔ་མ་དག་གིས་འདི་སྐབས་བདག་སྒྲ་འགྲེལ་འདོད་ནས་འབྲེལ་མེད་རྙོགས་ལ་འཛིངས་པའི་བཟི་གཏམ་གྱི་བྱིས་སྒྲུང་མང་པོས་གོ་ཆོད་པར་བྱས་ཤིང༌། ཞིབ་ཏུ་བསམ་ན་གོང་གི་འགྲེལ་ཚུལ་དེ་དག་ནི་ཁོག་དགོད་བྲོ་བའི་གནས་ཁོ་ན་ཙམ་ལས་རྩ་བའི་ཚིག་ལ་གནད་འཁེལ་བའི་འགྲེལ་པ་ཡིན་ལུགས་མ་མཐོང་སྟེ། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ལས། སྡེབ་སྦྱོར་ལ་བརྩོན་ཡང་པུ་ལིངྒའི་སྒྲ་དོན་ཁོང་དུ་མ་ཆུད་པ་གང་རུང་གི་རྟོག་བཟོའི་སྐྱོན་ནོ་ཞེས་པའི་ལན་དུ། ཁྱེད་ཀྱིས་ངེད་ལ་པུ་ལིངྒའི་སྒྲ་དོན་ཁོང་དུ་མ་ཆུད་ཅེས་གཤེ་ན་ཡང༌། ཁྱེད་ཀྱིས་མཁས་ཉམས་དཔའ་ཐལ་གྱིས་པུ་རུ་ཥ་སྐྱེས་པ་དང༌། ལིངྒ་རྟགས་ཏེ། མཚམས་སྦྱར་བས་པུ་ལིངྒ་ཞེས་གྲུབ་པ་དེ་ཉིད་ཅེས་བྲིས་གདའ་བ་དེ་འདྲའི་མཚམས་སྦྱོར་ཚུལ་བོད་དུ་འགྱུར་བའི་སྒྲ་མདོ་གང་ན་ཡོད་པ་སྟོན་ཅིག་ཅེས་གསུངས་འདུག་པས། དེ་འདྲ་བའི་སྒྲའི་མཚམས་སྦྱོར་བྱེད་སྟངས་མེད་པ་གསལ་པོ་གོ་ནུས་ཤིང༌། མདོར་ན། སྔ་མས་ལོག་འགྲེལ་ཇི་ལྟར་བྱས་པ་བཞིན་ཕྱི་མ་རྣམས་ཀྱིས་ཀྱང་གཡག་གི་དཔང་པོ་ལུག་དང༌། ལུག་གི་དཔང་པོ་ར། རའི་དཔང་པོ་ཁྱིས་བྱས་པའི་བཤད་རྒྱུན་ལྟར་བྱས་ཏེ། སྔ་མ་དག་གི་བློ་ངོར་མོས་པ་མེད་ཀྱང་རྣམ་དཔྱོད་ཀྱི་རྩལ་གསར་པ་ཞིག་མ་རྙེད་ནས་འདིའི་ཐད་ལོག་ལམ་ནང་རང་བཞིན་གྱིས་གཅིག་རྗེས་གཉིས་འཇུག་བྱ་དགོས་གྱུར་པ་ཙམ་དུ་མངོན་ཞིང༌། ༑ ཡང་སྐད་ཆ་ཤོད་སྟངས་རེ་ཤས་ཀྱིས་བདག་སྒྲའི་ཐད་པ་པོ་གཉིས་ཀྱིས་མི་ཕོ་མོ་གཉིས་ལས་ཕོ་ཡིན་པ་གོ་ཐུབ་པ་དང༌། མ་མོ་གཉིས་ཀྱིས་མི་ཕོ་མོ་གཉིས་ལས་བུད་མེད་ཡིན་པ་གོ་ནུས་པའི་རྒྱུ་མཚན་ཕྱོགས་རེ་བས་ཕོ་རྟགས་དང་མོ་རྟགས་ལ་འགྲེལ་བ་ནི་བདག་སྒྲ་བསྟན་པའི་རྩ་ཚིག་གི་དོན་དང་ཧ་ཅང་གི་རིང་བ་ནི་ཤར་ནུབ་ཀྱི་དཔེ་དང་ཁྱད་མེད་དུ་གྱུར་ཅིང༌། གང་ལྟར་གོང་གི་འགྲེལ་ལུགས་དེ་དག་ནི་ཕན་ཐོགས་པ་ལྟ་ཅི་ལོག་བཤད་ནགས་ཚལ་སྟུག་པོ་ཁོ་ནས་བདག་སྒྲའི་དོན་ཡོངས་རྫོགས་བསྒྲིབས་པར་འདུག་ན།  བློ་ལྡན་གཟུར་གནས་རྣམས་ཀྱི་ཞིབ་ཏུ་དཔྱད་ན་ཤེས་ནུས་པ་དང༌། དེ་ཡང་བློ་རྣལ་དུ་ཕབ་ནས་ཞིབ་ཏུ་བསམ་ན་འདིའི་སྐོར་སྔ་མ་རྣམས་ཀྱིས་དེ་བཞིན་དུ་འགྲེལ་ནས་བཞག་པར་བློ་ཇི་ལྟར་བདེ་བར་གྱུར་ཡོད་དམ་སྙམ་མོ། །

བཞི་པ། རང་ལུགས་གཞག་པ།
དང་པོ། བདག་སྒྲའི་རྩ་ཚིག་ལ་འགྲེལ་བ།
རང་ལུགས་བདག་སྒྲའི་རྩ་ཚིག་ལ་འགྲེལ་བ་ནི། སྒྲའི་མཚམས་སྦྱོར་བྱེད་ཚུལ་ལ་བལྟས་ན་པུ་ཞེས་པ་ནི་པ་སྡེ་ལ་གོ་དགོས་ཏེ། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ལས། པུ་ལིངྒའི་པུ་ཞེས་པ་པ་སྡེ་ལ་ངོས་འཛིན་པ་དེ། རྗེ་ཞྭ་དམར་པའི་འགྲེལ་ལུགས་སུ་མ་ཟད། སྒྲ་པ་ཎི་པ་དང༌། ཙཱནྜྲ་པ་གཉིས་ཀར་ཨུཏ་ཀྱི་སྡེ་དང་བཅས་པའོ། །ཞེས་དང༌། དབྱངས་ཅན་སྒྲ་མདོ་ལས་ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ། །ཞེས་གསུངས་པས་སྒྲ་མདོ་ཆེན་པོ་རྣམས་ཀྱི་དགོངས་པར་གནས་ཤིང་ཞེས་དང༌། ཀུ་ཙུ་ཊུ་ཏུ་པུ་དང་བཅས་པ་ནི་སྡེ་པ་སོ་སོར་གོ་དགོས་ལུགས་ནི། ཐོན་མིའི་ཞལ་ལུང་གི་དཀར་ཟིན་གངས་རིའི་ཆུ་རྒྱུན་ལས། ཆང་མ་སོགས་མ་ཡིག་པུ་ལིངྒར་བདག་སྒྲར་འགྱུར་བ་ཡོད་ཅེས་དངུལ་ཆུས། སྒྲ་ཙཱནྜྲ་པའི་གཞུང་དུ་ཨུཏྲའི་སྡེ་དང་བཅས་པའོ་ཞེས་པ་ལས་ཁུངས་དྲངས་སོ། །དེའི་ཕྱིར་ཀུ་ཞེས་པ་ཀ་སྡེ་དང༌། ཙུ་ཞེས་པ་ཙ་སྡེ་སོགས་སོ་ཞེས་གསལ་བ་ལྟར། སྐབས་འདིར་པུ་ཞེས་པ་པ་སྡེ་ལ་འགྲེལ་དགོས་པ་ནི་དོན་ལ་གནས་ཡོད་ཅིང༌། ལིངྒ་ནི་རྟགས་སམ་སྒྲ་གདངས་ཏེ་པ་སྡེའི་གསལ་བྱེད་བཞི་པོ་རང་རང་གི་སྐྱེ་གནས་ནས་ཐོན་པའི་སྒྲ་གདངས་མི་འདྲ་བ་སོ་སོའི་རྟགས་ལ་གོ་བ་ལེན་དགོས་པ་ཡིན་ནོ། ། ༑ ཕྲད་དང་སྦྱོར་སྟངས་ནི། དེ་དག་གང་ཡང་རུང་བའི་མིང་གི་མ་ཐ་ན་པུ་ལིངྒའི་སྒྲ་སྟེ་བདག་སྒྲ་དངོས་བསྟན་པ་ཕ་བ་མ་བཞི་དང༌། ཤུགས་བསྟན་ནམ་དོན་ལ་ཐོབ་པའི་པོ་ཕོ་བོ་མོ་ཅན་ལྡན་མཁན་དང་བཅས་པ་སྐབས་བབ་ཀྱི་ཕྲད་སྦྱར་བ་ན་བདག་པོའི་སར་ནི་ཤེས་པར་བྱའོ་ཞེས་བཀྲལ་ཅིང༌། འདིས་དགག་སྒྲུབ་ཡོད་རྒུ་བྱ་བརྒྱ་འུར་གཅིག་གིས་དཔེ་ལྟར་དངོས་རྟགས་གྲུབ་པར་བྱས་ཤིང༌། རྟགས་འཇུག་ལས། ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ལ་ཡོད་མེད་དང༌། །ཞེས་པ་ནི་རྟགས་འཇུག་གི་སྐབས་མིང་གཞིའི་ཡི་གེ་རྟགས་སོ་སོར་དབྱེ་བའི་སྐབས་སུ་དངོས་བསྟན་ཕོ་སྒྲ་སྟེ་ཕོ་ཡིག་པ་དང་བཅས་པ་གོང་བཤད་བདག་སྒྲའི་ཕྲད་རྣམས་མིང་གི་མཐར་མེད་པ་ལ་གསར་དུ་སྦྱར་ན་བདག་པོ་སྟོན་པའི་སྒྲ་ཡིན་ནོ་ཞེས་སོ། །

གཉིས་པ། དཔེར་བརྗོད་འགོད་པ།དཔེར་བརྗོད་འགོད་པ་ནི། མཁས་པ་སྔོན་མ་ཐམས་ཅད་ཀྱིས་བདག་སྒྲའི་རྩ་ཚིག་ལོག་འགྲེལ་ཤ་སྟག་བྱས་པའི་རྐྱེན་གྱིས་བདག་སྒྲའི་ཕྲད་མང་པོ་ཡོད་བཞིན་དུ་མེད་པ་དང༌། བདག་སྒྲའི་ཕྲད་ཡིན་པ་ལ་མ་ཡིན་པར་འདོད་དགོས་པ་སོགས་མིག་ལྡན་གཡང་མཆོངས་ཀྱི་དཔེ་བཞིན་ཅི་རིགས་བྱུང་འདུག་པས། ཁོ་བོ་ཅག་གིས་བདག་སྒྲའི་ཕྲད་གོང་སྨྲོས་རྣམས་ཡིན་པའི་དཔེར་བརྗོད་རིམ་བཞིན་འགོད་ན། སངས་རྒྱས་པ། མཁན་པོ། དགེ་སློང་ཕ། དགེ་ཚུལ་ཕ། དགེ་བསྙེན་ཕ། ཚྭ་ཕ། ཚྭ་ཚོང་མཁན། དགྲ་ཤ་ཕ། དགྲ་ཤ་ཕ་ནི་ཤ་འཁོན་ཡོད་པའི་མི། དགྲ་ཤ་ཕ་བསད་ཀྱང་སྡིག་པ་མེད་ལྟ་བུ་ བཙན་ཕོ། ཏུན་ཧང་སོགས་ཡིག་རྙིང་ལས། ཕག་གི་ལོ་ལ་བབས་སྟེ། ཕྱིང་བར་བཙན་ཕོ་མྱེས་ཁྲི་སྲོང་བཙན་གྱི་མདངས་བཏང་བར་ལོ་གཅིག་ལྟ་བུ། བཙན་པོ་ཡང་གསལ་བས་འབྲི་གང་བདེར་བྱས་པར་སྣང་ངོ༌། ། ལྷ་ཕོ། འདྲེ་ཕོ། བདུད་ཕོ། ལྷ་ས་བ། ཟླ་བོ། ཇ་མ། གཟུགས་རིང་པོ་མ། སྙིང་རྗེ་མོ་མ། གཡོག་མོ། ཤེས་ཡོན་ཅན། འབྱོར་ལྡན། ཡིག་མཁན་ལྟ་བུ་དང༌། ཡང་བ་ཡིག་འདི་བདག་སྒྲའི་ཕྱོགས་སུ་འཇུག་དུས་སྒྲ་གདངས་མི་འདྲ་བར་འགྱུར་འགྲོ་བའང་ཡིན་ཏེ། དཔེར་ན། ལྷ་ས་བ་ཞེས་སོགས་བརྗོད་པའི་སྐབས་སུ་བ་ཡིག་འདི། བ་ནི་ཕྱེད་དུ་ཝ་ལ་བཀླག་ཟེར་བ་ལྟར་བ་ཡིག་བདག་སྒྲར་ཞུགས་སྐབས་འདི་བཞིན་མང་པོ་ཞིག་ཝ་ཡི་སྒྲ་གདངས་ལ་ཀློག་དགོས་པ་དང༌། སྐབས་འགར་བ་ཡི་སྒྲ་རང་སོར་གནས་པའང་ཡོད་དེ། དཔེར་ན། ང་གླུ་བ་ཤོག་བ་མདའ་ནས་འོངས། །གླུ་ཁ་ཤག་ཤོག་ལྷེ་ཕྱེ་ཕྱེ་ཡིན། །ལྟ་བུའི་གླུ་བ་དང་ཤོག་བ་གཉིས་ཀྱི་བ་ཡིག་འདི་ནི་པ་ཡི་སྒྲ་ལ་མི་འདོན་ཅིང༌། ཝ་ཡི་སྒྲ་ལའང་ཀློག་པར་མི་བདེ་བ་ཡིན་པས། དེ་ནི་བ་ཡི་སྒྲ་རང་སོར་བཀླག་ན་མཛེས་པ་མཐོང་ཞིང༌། གྲུ་བ། ལྟ་བུ་ནི་བ་རང་སོར་བཀླག་ན་ཆེས་བདེ་བར་སྣང་ཡང༌། གྲུ་པ་ཞེས་འདོན་ནའང་འགྲིག་པ་ལྟ་བུ་སོགས་ཕྱོགས་འདི་འདྲ་མང་དུ་མཐོང་བས་དཔེ་མཚོན་ཙམ་དུ་བཀད་དོ། །བཤད་མ་ཐག་པ་དེ་དག་ནི་འདིར་གང་ཞིག་ཡུལ་དུས་འདྲ་འབྲེལ་སོགས་བློ་ལ་གནོད་མེད་དུ་བདག་པོ་སྟོན་པའི་ཚིག་ཕྲད་ཀྱི་སྒྲ་ཡིན་པས་སོ། །སྐབས་རེར་རྒྱལ་པོ་དང༌། བཙུན་མོ་ལྟ་བུ་མིང་མཐར་བདག་སྒྲའི་ཕྲད་སྦྱར་ན། སྐྱེས་བུ་ཕོ་མོའི་དབྱེ་བ་འབྱེད་པའང་ཡོད་པས་སྐྱོན་མེད་དོ། །ཡང་སྨྲ་སྒོ་ལས། བ་ནི་སྤྱི་རུ་གཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་གཞག་པར་བྱ། །ཞེས་འབྱུང་བ་ནི། ལེགས་པར་བལྟས་ན་བ་ཡིག་ལ་ཟུར་དུ་ནུས་པ་བྱེ་བྲག་པ་ཞིག་ཡོད་པར་བསྟན་པ་ཙམ་ལས་བ་ཡིག་བདག་སྒྲ་གཏིང་ནས་མི་འཇུག་པར་བཤད་པ་མ་མཐོང་སྟེ། རང་འགྲེལ་དཔེར་བརྗོད་ལས། བྱ་བའམ། བདག་གི་ཚིག་གམ། གཞན་གྱི་ཚིག་ཏུ་མི་སྟོན་པའོ་ཞེས་པར་བལྟས་ན་མིང་མཐའི་བ་ཡིག་ཙམ་ལས་བདག་སྒྲའི་བ་ཡིག་ལ་མ་བཤད་དོ། །གལ་ཏེ་སྨྲ་སྒོས་བ་ཡིག་བདག་སྒྲར་མི་འཇུག་པར་བཤད་ཡོད་སྲིད་ནའང་སྐྱོན་མེད་དེ། རྩོམ་པ་པོ་རང་ཉིད་སྤྱིར་བོད་ཀྱི་སྐད་ཡིག་དང༌། ཡང་སྒོས་བདག་སྒྲའི་སྐབས་འདིར་གོམས་པ་ཆུང་བར་ཤེས་ནུས་ཏེ། སི་ཏུས། སྨྲ་སྒོ་རྩ་འགྲེལ་དུ་འདིར་མ་བསྟན་པའི་ཕྲད་སོགས་མང་དུ་བཤད་ཅིང་ཕལ་ཆེར་ལེགས་བཤད་དུའང་ཡོད་ལ་སྐྱོན་དུ་མངོན་པའང་དུ་མ་མཐོང་མོད་ཅེས་དང༌། ཡང་སྨྲ་སྒོ་རྩ་འགྲེལ་དང་སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་རྩ་འགྲེལ་འདི་རྣམས་ལའང་མི་འཐད་པ་ཤིན་ཏུ་མང་ཞིང་མཁས་པ་གཞན་གྱིས་གནོད་བྱེད་བརྗོད་པ་གནད་དུ་སོང་བའང་མང་བར་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་མོད་ཅེས་འཚོགས་པའང་སྣང་ལ། དེ་ལྟར་མ་ཡིན་ན་ཁ་སྐད་དང༌། ཆོས་སྐད་གང་ལའང་ཁ་ལོ་བ་དང༌། ཕོ་ཉ་བ། མཛའ་བོ་སོགས་བ་བོ་བདག་སྒྲར་འགྲོ་བ་རྣམས་དང་དངོས་སུ་འགལ་བའི་ཁས་མི་ལེན་ན་མངོན་སུམ་ལ་བསྙོན་པའི་སྨྱོན་པར་ཟད་དོ། །

གསུམ་པ། བདག་སྒྲ་དང་དགག་སྒྲ་གཉིས་ཀྱི་རྩ་ཚིག་གཞན་དང་མི་འདྲ་བར་རྒྱ་སྐད་ཐོག་བཞག་དོན།བདག་སྒྲ་དང་དགག་སྒྲའི་རྩ་ཚིག་ཕྲད་རྣམ་དབྱེ་གཞན་དག་བསྟན་པའི་རྩ་ཚིག་དང་མི་འདྲ་བར་རྒྱ་སྐད་ཐོག་བརྗོད་དགོས་དོན་ནི། བདག་སྒྲ་དང་དགག་སྒྲའི་རྩ་ཚིག་འདི་གཉིས་བོད་སྐད་དུ་རང་སོར་བཞག་ན་ཕོ་རྟགས་དང་མོ་རྟགས་ཞེས་འབྱུང་བས། རྟགས་འཇུག་གི་སྐབས་སུ་ཕོ་མོ་མ་ནིང་གི་རྟགས་དང་འཁྲུལ་བར་དོགས་ནས་རྒྱ་སྐད་ཐོག་བཞག་པ་དང༌། གཞན་ཡང་འདི་གཉིས་ཀྱི་རྩ་ཚིག་བོད་སྐད་ནང་ཡོད་པ་ལས་ད་ཡོད་བཞིན་བསྟན་ན་ཚིག་སྙན་ལ་བསྟན་བྱ་འཐུས་པ། འགྲེལ་བདེ་ཞིང་གཞན་དང་འཁྲུལ་དོགས་མེད་པའི་ཁྱད་ཆོས་དུ་མ་དང་ལྡན་པས་མཁན་པོས་དེ་བཞིན་དུ་མཛད་དོ་ཞེས་སྨྲའོ། །

བཞི་པ། བདག་སྒྲ་དང་འབྲེལ་བའི་དགག་སྒྲའི་རྩ་ཚིག་ལ་འགྲེལ་པ།བདག་སྒྲ་བཤད་རྗེས་དགག་སྒྲའི་རྩ་ཚིག་ལ་ཟུར་ཙམ་འགྲེལ་དགོས་པ་ལྟ་བུ་མཐོང་བས། ཁ་ཅིག་གིས་བདག་སྒྲའི་རྩ་ཚིག་གོང་ལྟར་བཀྲལ་ན། འོ་ན་དགག་སྒྲའི་རྩ་ཚིག་ཇི་ལྟར་འགྲེལ་ལམ་ཞེ་ན་སྐྱོན་མེད་དེ། རྩ་བ་ལས། མིང་གང་གི་ནི་ཡ་ཐ་ན། །སྟྲིའ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲིའ་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཞེས་འབྱུང་བར། མཁན་པོས་བདག་སྒྲ་བཤད་མ་ཐག་པར་དགག་སྒྲ་བཤད་པས། དགག་སྒྲའི་ཕྲད་བདག་སྒྲ་དང་ཧ་ཅང་གི་ཉེ་བའམ་ཅི་ཞིག་དེ་དང་འབྲེལ་བ་ཡོད་པ་ཤེས་སླ་ལ། སྤྱིར་དཔྱོད་ལྡན་རྣམས་ཀྱིས་སྐད་སྔོན་དུ་གྲུབ་པ་ལ་ལྟོས་ནས་དགག་སྒྲ་བསྟན་པའི་གཞུང་སོགས་རྗེས་སུ་བཟོས་པའི་གནས་ལུགས་ཁོང་དུ་ཆུད་སྟབས། དགག་སྒྲའི་ཕྲད་མ་མི་སོགས་ཡིན་པ་ཡིག་གཟུགས་དང་སུམ་རྟགས་ཀྱི་གཞུང་ལུགས་མ་བྱུང་པའི་སྔོན་ནས་གྲུབ་ཟིན་ནའང༌། མཁན་པོས་མ་འོངས་པར་དགག་སྒྲའི་ཕྲད་སོགས་གཏན་འབེབས་བྱ་དགོས་པས། སྟྲིའ་ལིངྒ་ནི་རྟགས་འཇུག་ནས་ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང༌། །ཞེས་པའི་སྐབས་ཀྱི་མོ་སྒྲ་ཞེས་པར་གོ་དགོས་ཤིང༌། མོ་སྒྲ་ཞེས་པ་རྟགས་འཇུག་ནང་མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་སྐབས་མོ་བ་ཡིག་ལ་གོ་བ་མིན་པ་ནི་མཁས་བླུན་ཀུན་གྱིས་ངེས་པས། འོ་ན་གང་ལ་གོ་དགོས་ཤེ་ན། རྟགས་འཇུག་གི་རྩ་བར། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །ཞེས་པའི་མོ་ཙམ་དང༌། ཤིན་ཏུ་མོ། མོ་གཤམ་དང་གསུམ་པོ་སོ་སོར་མ་ཕྱེས་པའི་མོ་ཡིག་ཉི་ཤུའི་ནང་ནས་མ་ལ་གོ་རུང་ཞིང༌། ལིངྒ་ནི་སྔོན་ལྟར་རྟགས་སམ་སྒྲ་གདངས་ལ་གོ་དགོས་སོ། །འོ་ན་པུ་ལིངྒའི་སྐབས་སུ་པ་སྡེའི་གསལ་བྱེད་བཞི་ཀར་འགྲེལ་ཅིང༌། སྟྲིའ་ལིངྒའི་སྐབས་སུ་མོ་ཡིག་ཉི་ཤུའི་ནང་མ་གཅིག་པུ་ལ་བབས་དོན་ཅི་ཡིན་ཞེ་ན་མི་འདྲ་སྟེ། པུ་ནི་པ་ཡིག་ལ་གོ་ལ། པ་ནི་སྡེ་ཚན་འབྱེད་སྐབས་པ་སྡེའི་ཡིག་འབྲུ་བཞི་ཀའི་ཐོག་མའི་མིང་གིས་ཁྱབ་མཁན་གྱི་སྡེ་དཔོན་ཞིག་ཡིན་པ་དང༌། སྟྲིའ་ལིངྒ་ཞེས་པའི་སྐབས་མ་ཡིག་ནི་རང་ཉིད་ཀྱི་རྟགས་ཙམ་ལས་པ་སྡེའི་འབྲུ་བཞི་ཀར་ཁྱབ་མི་དགོས་ཏེ། དཔེར་ན། བཅུ་དཔོན་ཞེས་བོས་ན་བཅུ་དཔོན་དང་བཅས་པའི་མི་བཅུ་ཀའི་ཁ་རྗེ་དབང་ཐང་སོགས་ལྷན་དུ་འབྲེལ་ལ། བཅུ་དཔོན་གྱི་འོག་ཏུ་མི་བྱེ་བྲག་པ་ཞིག་ལ་བོས་ན་མི་བྱེ་བྲག་པ་དེའི་བདེ་སྡུག་གི་འབྲེལ་བ་ཡིན་པ་བཞིན་ནོ། །
གངས་ཅན་ནམ་མཁའི་ངོས་ཡངས་ལ། །
མཁས་པ་སྐར་ཚོགས་མངས་བྱོན་ཡང༌། །
བདག་སྒྲ་ཆུ་སྐྱེས་ཁ་འབྱེད་པོ། །
བདག་བློའི་ཉི་མ་ཐོག་མར་ཤར། །

སྔ་འགྲེལ་ཚང་ཚིང་སྟུག་པོ་ཡིས། །
བདག་སྒྲའི་ཚིག་དོན་བསྒྲིབས་ན་ཡང༌། །
དིང་ཚེ་བདག་གི་སྐལ་བའི་ཚུལ། །
འགྲེལ་བས་ཐོན་མི་དགྱེས་ཞལ་འཛུམ། །

མཁས་ཉམས་བྱས་ནས་གཞན་ལུགས་མ་བཀག་ཅིང༌། །
སྐྱོ་ཉམས་སྟོན་ནས་གཞན་རྗེས་མ་འབྲངས་ལ། །
རང་གཞན་ཀུན་གྱི་བློ་གྲོས་ཞིབ་བསྡུར་ནས། །
རྣམ་དཔྱོད་རིག་རྩལ་ཕུང་སུམ་པ་འདི་སྦྲུམ། །
ཞེས་ཀྱང་སྨྲའོ། །
ས་རཱ་བོད་ཀྱི་བརྡ་སྤྲོད་སློབ་དཔོན་ཆེན་མོ་མཆོག་གིས་ཉེ་ཆར་འཕྲད་རྣམ་དབྱེ་བཅུ་བཞི་པོ་གང་རུང་ཞིག་ལ་དཔྱད་བརྗོད་ཅིག་འབྲི་དགོས་པའི་རང་སྦྱོང་གནང་བ་ལྟར་གྲུབ་པ་འདི་ནི། འཕགས་ཡུལ་བཞུགས་སྒར་གྱི་ཉེ་ཕྱོགས་ན་གངས་ལྗོངས་ཀྱི་ཤེས་བྱའི་གནས་མངོན་པར་མཐོ་བའི་མ་ཡུམ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཡང་ཐོག གནའ་དིང་གི་དཔེ་ཚོགས་ཡོངས་སུ་ཕྱུག་པའི་དཔེ་མཛོད་ཁང་ཆེན་མོར་གུས་པ་ངག་དབང་བྱམས་པས་ཉིན་བཅུའི་རིང་ངལ་བ་བྱས་པ་ལས་སྦྲུམ་པའི་རང་ལས་འདི་ནི་བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་སོ་གསུམ། མགོ་ཟླ་བའི་ཚེས་ཉེར་དྲུག་དང༌། ཕྱི་ལོ་༢༠༠༧། ༠༡། ༡༤།ཉིན་རྫོགས་པར་སྦྱར་བ་དགེའོ། །