མ་ཕྲེང་རྒྱུ་འབྲས་ཕྱོགས་སྟོན།
ཐུགས་ཀྱི་གཟུངས་སྤོབས་རྣམ་པར་མཐོ་བའི་མངོན་འདོད་དད་པའི་རྗེས་སུ་ཆགས། །
ལྷག་པའི་ལྷ་མཆོག་སྟོན་པ་མཆོག་ལ་ཕྱིར་མི་ལྡོག་པའི་དད་པ་ཐོབ། །
མ་བལྟས་གཟུགས་མཛེས་མིག་གིས་མ་མཐོང་ན། །མ་ཉན་སྒྲ་སྙན་རྣ་བས་ག་ལ་ཐོས། །
མ་བསྣམས་དྲི་ཞིམ་སྣ་ཡིས་མ་མྱོང་ན། །མ་བཟས་ཁ་ཟས་ལྕེ་ཡིས་ཅི་ལྟར་མྱོང༌། །
མ་ཤེས་རིག་པ་གཞན་ལ་བཤད་པ་མེད། །མ་སྦྱངས་མཁས་པ་སྲིད་འདིར་འབྱུང་བ་མེད། །
མ་བསྟེན་དགེ་རྒན་སློབ་ཁྲིད་ཞུ་ཐབས་མེད། །མ་གུས་བྱིན་རླབས་འཇུག་ས་དེ་བས་མེད། །
མ་ཐོས་ཐོས་བྱུང་ཤེས་རབ་འབྱུང་མེད་ན། །མ་བསམ་བསམ་འབྱུང་ཤེས་རབ་ག་ལ་འབྱུང༌། །
མ་བསྒོམས་བསྒོམས་བྱུང་ཤེས་རབ་མི་འབྱུང་ན། །མ་ལུས་རྒྱལ་བའི་གོ་འཕང་ཅི་ལྟར་འཐོབ། །
མ་འབད་གྲུབ་འབྲས་རེ་བ་ཡོད་པ་དེས། །མ་བཟས་གྲོད་ཁོག་ཅིའི་ཕྱིར་མི་རྒྱགས་སམ།
མ་བསྒྲུབས་དོན་ཆེན་རེ་བ་རྒྱག་པ་དེས། །མ་ལངས་གོམ་པ་ཅི་ལྟར་སྤོས་མི་འགྱུར། །
མ་ཡི་བཀའ་དྲིན་ཁྱེད་ཀྱིས་བསམ་ཤེས་ན། །མ་ཡི་འདོད་པ་མི་སྒྲུབ་སྨྱོས་སམ་ཅི། །
མ་ལ་བརྩེ་བ་ཁྱེད་ལ་ཡོད་ཟེར་ན། །མ་ཡུམ་དགྱེས་པའི་དོན་ལ་འབད་པས་རིགས། །
མ་ཡིས་བསླབ་བྱ་རྣ་བས་ཐོས་མྱངས་ན། །མ་ཡི་རེ་བ་ལག་པས་བསྒྲུབ་པ་དགོས། །
མ་ལ་ཕན་པའི་ལས་ཤིག་བྱ་བསམ་ན། །མ་ཡི་ཆེད་དུ་དམ་པའི་ལྷ་ཆོས་སྒྲུབ། །
མ་བསླབས་རིམ་གྱིས་ཤེས་པའི་ཁ་སྐད་དེ། །མ་ནོར་གཙང་མར་ཉར་རྒྱུ་ཤེས་པར་གྱིས། །
མ་རྟོགས་བརྡ་སྤྲོད་རིག་པའི་དཀའ་གནད་ལ།།
མ་ལུས་རིག་པའི་རྩལ་གྱིས་འབད་པས་སྦྱོངས། །
མ་གསང་གཏམ་གྱི་སློབ་གསོ་རིག་པ་དེ། མ་རྙོག་ད྄ངས་གཙང་སེམས་ཀྱིས་དུང་དུ་བླང༌། །
མ་ཡལ་བོད་ཀྱི་ཡ་རབས་སྤྱོད་བཟང་དེ། །མ་ཉམས་རྒྱུན་འཛིན་བྱས་ན་ཤིན་ཏུ་ལེགས། །
མ་མཐོང་རྒྱུ་མཚན་དྲངས་པས་མེད་འདོད་ན། །མ་ལུས་འཇིག་རྟེན་ཁྱོན་འདིར་མེད་པ་མང༌། །
མ་ཡུམ་སེམས་ཅན་བརྩེ་བའི་སེམས་ཡོད་ན། །ལུང་རིགས་རྣམ་དག་གཞུང་ལ་དད་པས་སྦྱོངས། །
༢༠༠༨ ཟླ་བ་ ༠༧ ཚེས་ ༣༠