སྡིག་མཛུབ།
ཀ་བ་བུམ་པའི་རྩོད་པ།།
ཁ་ལ་བྱང་ཐག་ཆོད་ནས།།
ག་ཡིན་འདི་ཡིན་མེད་པར།།
ང་རྒྱལ་རི་ལས་ཆེ་སོང༌།།
ཅ་ཅོ་རྟགས་དང་ཐལ་འགྱུར།།
ཆ་མེད་རྒྱུས་བཤད་བྱས་ཏེ།།
ཇ་ཐུག་སྐུ་འགྱེད་ཡོད་དུས།།
ཉ་རྗེས་རྒྱ་བཞིན་རྒྱུག་སོང༌།།
ཏ་རེའི་ཚོགས་འདོན་ཕར་ཞོག།
ཐ་ན་སྦྱོར་ཀློག་མི་ཤེས།།
ད་ལྟའི་ཆོས་སྡེ་ཕལ་ཆེར།།
ན་གཞོན་གྲྭ་གཟུགས་གང་སོང༌།།
པ་ལོ་མགོ་ནས་བཅད་ཀྱང༌།།
ཕ་རྟགས་ཁོག་ནས་འཛུམ་པའི།།
བ་རྒན་ཡ་སོ་ཅན་གྱིས།།
མ་རབས་རང་མཚང་སྟོན་སོང༌།།
ཙ་རིའི་དྲ་རྒྱ་མ་ཆོད།།
ཚ་གྲང་ཁྱད་བསད་མ་ནུས།།
ཛ་ཡའི་ངུར་སྨྲིག་སེང་ལྤགས།།
ཝ་མོའི་རྒྱབ་ལ་གོན་སོང༌།།
ཞྭ་མོ་ཆོས་ཞྭ་གོན་ནས།།
ཟ་མ་ཞིམ་པོའི་དོན་དུ།།
འ་འུར་ཁྱི་བཞིན་བྲེལ་བའི།།
ཡ་ཡུག་གདོང་མཆོང་རྒྱབ་སོང༌།།
རྭ་བ་གངས་རིའི་ཡུལ་ནས།།
ལ་ལུང་དུ་མ་བརྒལ་ཏེ།།
ཤ་ཚུགས་མི་དང་འདྲ་བའི།།
ས་མཐའི་ཁྱི་ལྡོམ་གྱུར་སོང༌།།
ཧ་ཅང་སྤྱོད་པ་རྩུབ་པས།།
ཨ་མའི་ཐུགས་སེམས་དཀྲུག་སོང༌།།
ཧ་གོ་མེད་པའི་གླེན་པས།།
ཨ་མྱེས་ལ་རྒྱ་བརླགས་སོང༌།།