ཞིང་ལས་མི་བྱེད་པའི་ལས་འགུལ་མཚམས་འཇོག་རོགས།

    བཀའ་བློན་ཁྲི་པ་མཆོག་གིས་གསུང་དོན། བར་ལམ་བོད་ནང་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གི་སྲིད་ཇུས་ཀྱིས་བློ་ཁ་མ་ཁེངས་ནས་འཚེ་མེད་ཞི་བའི་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ངོ་རྒོལ་གནང་གི་ཡོད་པ་རེད། དེ་ཚོ་བློས་གཏོང་དང་སེམས་ཤུགས་ཧ་ཅང་ངོ་མཚར་ཆེན་པོ་དང༌། བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༣ ནས་བཟུང་བོད་ས་ཡོངས་རྫོགས་ལ་རྒྱ་ནག་གཞུང་གིས་དྲག་པོའི་བཙན་གནོན་དང༌། དམག་དང་སྐོར་སྲུང་བ་ལ་སོགས་ཞེ་དྲག་ཤུགས་ཆེན་པོ་བཀྲམ་ནས་བོད་པ་ཚོ་འགུལ་བསྐྱོད་རྒྱག་ས་མེད་པ་བྱས་པའི་དཀའ་ངལ་ཆེན་པོ་ཡོད་དང་ཡོད་བཞིན་པ་རེད། ངོ་རྒོལ་གྱི་རྣམ་པ་ཕྲན་བུ་ཞིག་བྱུང་ནའང༌། ཉེས་རྡུང་གཏོང་བ། བཙོན་དུ་བཅུག་པ། སྲོག་ལའང་ཉེན་ཁ་ཡོད་པའི་ཉེན་ཚབས་ཆེན་པོ་ཡོད་པ་ཤེས་བཞིན་དུ་མི་རིགས་དང༌། བསྟན་པ་ཆབ་སྲིད་ཀྱི་ཞབས་ཞུ་མ་དོར་ནས། ངོ་རྒོལ་གནང་མཁན་ཚོར་ཧ་ཅང་གི་བསྔགས་བརྗོད་བྱེད་འོས་པ་དང༌། སྙིང་སྟོབས་དང་སེམས་ཤུགས་ཀྱི་ཆ་ནས་རྗེས་སུ་ཡི་རངས་བྱེད་རྒྱུའི་རང་བཞིན་ཆགས་བསྡད་ཡོད་པ་རེད། ཡིན་ནའང་སྤྱིར་བཏང་བོད་མི་ཉུང་ཉུང་རེད། དེའི་ཐོག་ལ་དྲག་གནོན་ཧ་ཅང་ཤུགས་ཆེན་པོ་ཡོད་པའི་དབང་གིས་དེ་རིང་སང་ཉིན་ཞི་བའི་ངོ་རྒོལ་ག་ཚོད་བྱས་ནའང༌། ཕྱོགས་གཅིག་ནས་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་ཡོང་རྒྱུ་དེ་དཀའ་ལས་ཁག་པོ་ཆགས། ཕྱོགས་གཞན་ནས་དེས་ལམ་སང་བོད་ཀྱི་རྩ་དོན་ཐོག་ལ་མངོན་གསལ་དོད་པོའི་ཕན་ཐོགས་ཀྱང་མགྱོགས་པོ་ཡོང་མི་ཐུབ་པ་དང༌། དེའི་ཐོག་མི་མང་པོ་ཆུད་ཟོས་འགྲོ་བའི་གནས་སྟངས་ཤིག་ཡིན་པས། ད་ལོ་བོད་པའི་ལོ་གསར་སྐབས་ྋགོང་ས་སྐྱབས་མགོན་ཆེན་པོས་བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་ནང་གནས་སྐབས་བོད་མི་ཚོས་བཙོན་ལ་འགྲོ་རྒྱུ་དང༌། ཁྲིམས་ཆད་ཕོག་རྒྱུའི་ལས་ཀ་མ་བྱས་ན་དགའ་ཡི་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་ཏྲེ་ཧོར་དཀར་མཛེས་ཁུལ་དང༌། དེའི་གཡས་གཡོན་གྱི་ས་གནས་སུ་ས་ཞིང་མི་འདེབས་རྒྱུའི་ལས་འགུལ་ཞིག་བརྩམས་འདུག སྤྱིར་བཏང་ས་ཞིང་མི་འདེབས་རྒྱུ་དེ་ཞི་བའི་ཐོག་ནས་རྣམ་འགྱུར་བསྟན་པ་དང༌། བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་པ་རེད་མོད། ང་རང་ཚོས་ཞིང་ལས་མ་བྱས་ན་ཕུགས་ལ་བོད་མི་རང་གི་འཚོ་བར་དཀའ་ངལ་འཕྲད་རྒྱུ་དང༌། ལྷག་པར་དུ་ས་ཞིང་བདག་པོ་ཚོས་ས་ཞིང་མ་བཏབ་ནས་སྟོན་ཐོག་གི་མཐུན་རྐྱེན་མ་བྱུང་ནས། མ་འོངས་པར་འཚོ་བའི་དཀའ་ངལ་འཕྲད་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པས། ཉེ་ཆར་ཕྱི་དྲིལ་བཀའ་བློན་བརྒྱུད་ནས་འབོད་སྐུལ་ཞུས་ཡོད་ལ། དེ་རིང་བསྐྱར་དུ་བཀའ་བློན་ཁྲི་པ་རང་ངོས་ནས་ཚང་མས་ས་ཞིང་མི་འདེབས་རྒྱུ་དེས་ཕལ་ཆེར་ང་རང་ཚོ་རང་ལ་དཀའ་ངལ་བཟོ་རྒྱུའི་གནས་སྟངས་ཤིག་ཡིན་པས། ས་ཞིང་འདེབས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་འབོད་སྐུལ་ཞུ་རྒྱུའི་འདུན་པ་བྱུང་སོང༌། ྋགོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལ་དེ་རང་ཡོད་པ་རེད། ས་ཞིང་འདེབས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ཆེད་དུ་འབོད་སྐུལ་ཞུ་རྒྱུ་ཡིན། ཚང་མས་དགོངས་བཞེས་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
    ྋགོང་ས་མཆོག་གིས་བོད་ཀྱི་ལོ་གསར་སྐབས་བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་ནང༌། བོད་མི་རིགས་རྣམས་ལ་བཟོད་ཐབས་དཀའ་བའི་གདུག་རྩུབ་བརྙས་བཅོས་སྣ་ཚོགས་ཀྱིས་བཟོད་བསྲན་མ་ཐུབ་པའིམཚམས་སུ་ངོ་རྒོལ་བྱེད་མཁན་བྱུང་ན། སྔར་ལས་ཆེས་དྲག་པའི་དྲག་གནོན་བྱ་རྒྱུའི་འཆར་གཞི་དང་དམིགས་ཡུལ་ཡོད་པ་གསལ་པོ་ཡིན་སྟབས། བོད་རིགས་ཚང་མས་དེ་དག་ལ་སྡུག་སྒོམ་བཟོད་བསྲན་གྱི་ཐོག་ནས་རྩ་ཆེའི་ལུས་སྲོག་ཆུད་ཟོས་སུ་མི་འགྲོ་བ་དང༌། སྡུག་སྦྱོང་མནར་གཅོད་མྱོང་མི་དགོས་པ་གཙོ་འདོན་བྱེད་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
    ས་ཞིང་མི་འདེབས་རྒྱུའི་ལས་འགུལ་དེར་རྒྱ་ནག་གཞུང་གིས་བཙན་བཀའ་འོག་ནས་ས་ཞིང་འདེབས་དགོས་སྐོར་བརྗོད་པ་དང༌། ངོ་རྒོལ་བྱས་པ་ལ་བསྟེན་ནས། བོད་མི་མང་པོ་འཇུ་བཟུང་ཡང་བྱས་ཡོད་པ་མ་ཟད། ས་ཞིང་གཞུང་བཞེས་གཏོང་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།།