མཐར་ཐུག་གི་དམིགས་ཡུལ་མེད་ན་ཕན་ཐོགས་ཡོད་མ་རེད།
ཟླ་འདིའི་ཚེས་༧ ཉིན་དྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ལྷན་ཚོགས་ཐེངས་གཉིས་པ་དེ་ཉིན་གཉིས་རིང་འཚོགས་ཡོད་པ་དང༌། ཉིན་དང་པོའི་ཚོགས་འདུ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང༌། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཕེབས་ཡོད་པ་རེད། ཚོགས་འདུ་དེའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གསུང་དོན། དབུ་མའི་ལམ་གྱི་དམིགས་ཡུལ་དང་དགོས་པ་ནི། ྋགོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དགོངས་པ་བཞེས་པའི་སྐབས་ལ་འདོར་དུ་མི་རུང་བའི་དམིགས་ཡུལ་དེ་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་བ་དེ་རེད་བསམ་གྱི་ཡོད། བོད་སིལ་བུར་འཐོར་བ་ནས་བཟུང་སྟེ་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་གོ་སྐབས་ཧ་ཅང་ཉུང་ཉུང་མ་གཏོགས་བྱུང་ཡོད་མ་རེད། སོག་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་མངའ་དབང་ཕུལ་བའི་སྐབས་ལ། ཁ་ནས་ཆོལ་གསུམ་ཡོངས་རྫོགས་ཀྱི་བཀའ་མོལ་གསུངས་ཡོད་རེད་དེ། དོན་དམ་ཆབ་སྲིད་འཛིན་སྐྱོང་ཐོག་ཆོལ་གསུམ་ཡོངས་རྫོགས་ལ་ས་སྐྱའིམངའ་དབང་ཁྱབ་ཐུབ་པའི་དུས་ཚོད་བྱུང་ཡོད་མ་རེད། མཐའ་མཚམས་དེ་ཚོ་ལྷག་བསྡད་པ་རེད། ས་སྐྱའི་མངའ་དབང་ཉམས་དམས་ཕྱིན་པའི་རྗེས་སུ་ཕག་གྲུ་དང་རིན་སྤུངས་དེ་ཚོའི་སྐབས་ལ་དེ་བས་ཀྱང་མཐའ་མཚམས་ལ་ཁྱབ་མ་ཐུབ་པར་རྒྱུན་རིང་པོ་བསྡད་པ་རེད། དགའ་ལྡན་ཕོ་བྲང་པའི་གཞུང་ཚུགས་པའི་སྐབས་ལ་གུར་ཤྲི་ཁང་གིས་བོད་ཡོངས་རྫོགས་དབང་བསྒྱུར་བྱས་ནས་ྋརྒྱལ་དབང་ལྔ་པ་ལ་ཕུལ་བའི་གནས་སྟངས་ལྟ་བུ་ཆགས་ཡོད་རེད་དེ། གུར་ཤྲི་ཁང་གི་ཆབ་སྲིད་དེ་མཐའ་མཚམས་ཡོངས་རྫོགས་ལ་ཁྱབ་ཐུབ་པ་བྱུང་ཡོད་མ་རེད། དེར་བརྟེན་འདི་ལྟར་བལྟས་ན། གླང་དར་གྱི་རྗེས་བོད་སིལ་བུར་འཐོར་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་མ་བྱུང་བ་དེ་བོད་མི་རིགས་དང་བོད་རྒྱལ་ཁབ་གཉིས་ཀྱི་ཞན་ཆ་ཆེ་ཤོས་ཤིག་ཆགས་པ་རེད་བསམ་གྱི་འདུག དེར་བརྟེན་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་མི་རིགས་དང་ཆབ་སྲིད་གཉིས་ཀའི་ཐོག་ནས་གལ་གནད་ཆེན་པོ་ཞིག་ཡིན་སྟབས། དབུ་མའི་ལམ་ལ་བརྟེན་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་བའི་དགོངས་པ་དེ་ཧ་ཅང་རླབས་ཆེན་རེད་ལ། དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་ཞིག་རེད་བསམ་གྱི་འདུག དམིགས་ཡུལ་གཞན་ག་རེ་རེད་ཟེར་ན། དེང་སང་འཛམ་གླིང་དུ་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་ཉམས་དམས་འགྲོ་བའི་སྐབས་རེད། དམག་ཆེན་དང་པོ་གཉིས་པའི་གོང་དུ་ནུབ་ཕྱོགས་སུ་མི་རིགས་གཅིག་ལ་རྒྱལ་ཁབ་གཅིག་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་རེད། འོན་ཀྱང་མི་རིགས་ཡོངས་རྫོགས་ལ་རྒྱལ་ཁབ་གཅིག་ཡོད་པའི་ཁྱབ་པ་དེ་འཛམ་གླིང་ལ་བྱུང་ཡོད་མ་རེད། ད་སྐབས་ནུབ་ཕྱོགས་ལ་བལྟས་པ་ཡིན་ན། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ག་ལེར་སོ་སོའི་རང་བཙན་གྱི་ཐོབ་ཐང་དེ་ཚོ་དང་བླངས་ཀྱིས་བློས་གཏོང་བྱས་ནས་ཚུར་རུག་རུག་ཆགས་ཡོང་བའི་སྐབས་ཤིག་རེད། སྤྱིར་གོ་ལ་གཅིག་གྱུར་གྱི་གནས་བབས་དེའི་འོག་ཏུ་རྒྱལ་ཁབ་སོ་སོའི་རང་བཙན་མངའ་དབང་ཟེར་བ་དེ་མིང་ཙམ་མ་གཏོགས་དོན་དམ་ལ་ཧ་ལམ་བརླག་འགྲོ་བའི་སྐབས་ཤིག་རེད། གལ་སྲིད་ང་ཚོས་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་རང་བདག་འཛིན་བྱས་ནས་བསྡད་པ་ཡིན་ཡང་འདུག་ཐུབ་རྒྱུ་ཁག་པོ་ཞེ་དྲག་རེད། ལྷག་པར་ཁྱིམ་མཚེས་ལ་དོ་མི་མཉམ་པའི་སྟོབས་ཆེན་རྒྱལ་ཁབ་ཡོད་པ་ཡིན་ན་དེ་བས་ཀྱང་བརྟན་ལྷིང་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།
རྒྱ་གར་དབྱིན་ཇི་ཡིས་བཟུང་བའི་སྐབས་ལ་དབྱིན་ཇིས་བོད་ལ་དབང་བསྒྱུར་བ་ཡིན་ན་བསྒྱུར་མི་ཐུབ་པ་རྩ་བ་ནས་མེད་པ་རེད། ༡༩༠༤ ལོར་དབྱིན་ཇིས་དམག་བརྒྱབ་ནས་བོད་ཡོངས་རྫོགས་དབང་བསྒྱུར་ཐུབ་པའི་བཟོ་ལྟ་བུ་བྱུང་ཡོད་རེད། ཁོ་རང་ཚོའི་འདོད་པ་ལ་བརྟེན་ནས་ཕྱིར་འཐེན་བརྒྱབ་པ་རེད་མ་གཏོགས། བོད་པའི་ངོས་ནས་དབྱིན་ཇི་ཕུད་ཐུབ་རྒྱུ་ཁག་པོ་རེད་ལ། སོག་པོ་དང་རྒྱ་ནག་གིས་རོགས་བྱས་ནས་དབྱིན་ཇི་ཕུད་ཐུབ་པའི་རེ་བ་མེད་པ་མངོན་སུམ་རེད། དབྱིན་ཇི་ཕྱིར་འཐེན་བརྒྱབ་པ་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ལ་མི་ཐུག་པའི་ཆེད་དུ་དམིགས་པ་དང༌། བར་གནས་རྒྱལ་ཁབ་ཅིག་འཇོག་པའི་ཆེད་དུ་བོད་དེ་བཞག དེ་བཞག་པ་གང་ཞིག་ཕྱི་འབྲེལ་དབང་ཆ་ཆ་ཚང་མ་སྤྲད་པར་གང་བྱུང་བྱས་པའི་ལོ་རྒྱུས་ཡོད་རེད་པཱ། མ་འོངས་པར་མི་འབོར་དང༌། དམག་ཤུགས་གང་གི་ཆ་ནས་དོ་མི་མཉམ་པའི་རྒྱལ་ཁབ་གཉིས་ཀྱི་བར་ལ། མངའ་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་བྱས་ནས་འདུག་རྒྱུ་དེ་ག་དུས་ཡིན་ཡང་ཞེད་སྣང་དང༌། གང་ལྟར་མིང་བཏགས་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཞན་དག་ཅིག་གི་གནོན་ཤུགས་འོག་ལ་འགྲོ་རྒྱུ་ཡིན་པ་གསལ་པོ་ཞེ་དྲག་རེད། རྒྱལ་ཁབ་ཆེན་པོའི་བར་ལ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཚོའི་ད་ལྟའི་གནས་བབས་ལ་བལྟས་པ་ཡིན་ན་མཐོང་ཐུབ་པ་ཞིག་རེད། དེར་བརྟེན་བརྟན་ལྷིང་གི་ཆེད་དང༌། ཞི་བདེ་མཉམ་གནས་ཡོང་བའི་ཆེད་དུ་དམིགས་པ་ཞིག་རེད། ད་ལྟའི་དུས་རབས་ཉེར་གཅིག་གི་འདུན་པ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་པ་ཡིན་ན་དབུ་མའི་ལམ་གྱི་དགོས་པ་དང་དམིགས་ཡུལ་གསལ་པོ་ཆགས་ཀྱི་རེད་བསམ་གྱི་ཡོད།
གཉིས་པ། མི་མང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་ཟེར་བ་དེ་གལ་གནད་ཆེན་པོ་རེད། མང་ཚོགས་ཀྱི་བསམ་བློའི་ནང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་ཚད་ལྡན་ཞིག་དགོས་པ་དང༌། མི་རིགས་དེའི་ཆབ་སྲིད་ཡག་པོ་ཡོང་མིན་དེ་མི་མང་གི་ཆབ་སྲིད་གོ་རྟོགས་དང༌། ཆབ་སྲིད་བསམ་བློ་ལ་རག་ལས་པ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་དང༌། གཞིས་བཞུགས་བོད་མི་ཚོའི་བར་ལ་བསྡུར་བ་ཡིན་ན། ཆབ་སྲིད་ཀྱི་བསམ་བློའི་གནས་ཚད་དེ་བོད་ནང་གི་ཤེས་ཡོན་ཡོད་མཁན་ཚོར་མཐོ་བ་ཡོད་པ་ངས་མཐོང་གི་འདུག རང་དབང་ལུང་པར་ཡོད་པ་ཚོ་གཅིག་ནས་རང་དབང་ཡོད་པ་ཡིན་སྟབས་ཆབ་སྲིད་ཀྱི་ཐོག་ལ་དོ་སྣང་དེ་ཙམ་ཨེ་ཡོད་བསམ་གྱི་འདུག གང་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བལྟས་ན། དོན་དག་མེད་པའི་སྡེ་ཚན་མང་པོ་ཞིག་ཕྱེ་རྒྱུ་ཡོད་རེད། ཁོ་ཚོ་རང་བཙན་རྩོད་མཁན་དང༌། ཁོ་ཚོ་དབུ་མའི་ལམ་ལ་འགྲོ་མཁན་རེད་ཟེར་བ་འདྲ་པོ། གང་ལྟར་རང་བཙན་རྩོད་མཁན་གྱི་མི་ཞིག་ཡིན་ཡང༌། ཁོས་མ་འོངས་པའི་བོད་རང་བཙན་གྱི་གནས་བབ་འདི་འདྲ་ཞིག་ཡིན་སྙམ་པ་ཞིག་བསམ་བློའི་ནང་ལ་ཨེ་ཡོད་ན། དེ་བཞིན་དེ་སྒྲུབ་པའི་ཐབས་ལམ་གང་ཡིན་བསམ་བློའི་ནང་ལ་ཨེ་ཡོད་བསམ་གྱི་འདུག སེམས་ཀྱི་ཚོར་བའི་ནང་ལ་རང་བཙན་ཟེར་བའི་ཚིག་དེ་སྙན་པོ་འདྲ་ཞིག་ཡོད་པ་ཡིན་སྟབས། དེའི་མཇུག་ལ་འགྲོ་བ་མ་གཏོགས་མ་འོངས་པའི་བོད་དེ་ག་འདྲ་ཞིག་དགོས་ཀྱི་ཡོད་རེད། དེའི་བསམ་ཚུལ་དེ་ཞེ་དྲག་གསལ་པོ་མེད་པ་མང་པོ་ཡོད་རེད། དེ་བཞིན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར་མཁན་དེ་ཚོས་མ་འོངས་པའི་བོད་རང་སྐྱོང་གི་གནས་བབས་ག་འདྲ་ཞིག་དང༌། ག་འདྲ་ཞིག་བྱུང་བ་ཡིན་ན་བོད་མིའི་མངོན་འདོད་སྒྲུབ་ཐུབ་ཀྱི་ཡོད་པ། བརྟན་ལྷིང་གནས་ཐུབ་ཀྱི་ཡོད་པ། མི་རིགས་ཀྱི་དགོས་མཁོ་སྒྲུབ་ཐུབ་ཀྱི་ཡོད་པ་དེ་ཚོ་ཚང་མ་གསལ་པོ་ཞེ་དྲག་མེད་པར་བོད་གཞུང་གི་སྲིད་བྱུས་དབུ་མའི་ལམ་རེད། ྋརྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་འཛིན་གནང་གི་ཡོད་རེད། དེར་བརྟེན་དབུ་མའི་ལམ་ཡག་པོ་ཡོད་རེད་ཟེར་བ་མ་གཏོགས། དབུ་མའི་ལམ་གྱི་ངོས་ནས་མ་འོངས་པའི་བསྒྲུབ་བྱའི་བོད་དེ་ག་འདྲ་ཞིག་ཡིན་པ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་ག་འདྲ་ཡིན་པ། དེའི་རྣམ་གཞག་ཆ་ཚང་ཤེས་མཁན་དཀོན་པོ་མིན་འགྲོ་བསམ་གྱི་འདུག དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་དེ་དབུ་མའི་ལམ་ལ་དགའ་མོས་ཡོད་མཁན་གྱི་མི་ཚང་མས་ད་ལྟའི་གནས་སྐབས་ལ་དབུ་མའི་ལམ་གྱི་འཐབ་རྩོད་ཀྱི་བསྒྲུབ་བྱ་དང༌། དེའི་སྒྲུབ་བྱེད་ཐབས་ལམ་གསལ་པོ་ཤེས་པ་བཟོ་རྒྱུ་འགན་ཁུར་གཙོ་བོ་དེ་རེད། གསལ་པོ་མ་ཤེས་པ་ཡིན་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་པ་ཡིན་ཡང༌། རྒྱབ་སྐྱོར་དེ་ཚིག་ཙམ་རེད་མ་གཏོགས༌། མཐར་ཐུག་གི་དམིགས་ཡུལ་གསལ་པོ་མེད་པ་ཡིན་ན་ཕན་ཐོགས་གང་ཡང་ཡོད་མ་རེད། མི་ཟེར་བ་དེ་རིག་པའི་རྗེས་འབྲངས་པ་ཞིག་ཡིན་པས། བརྟག་དཔྱད་བྱས་ནས་ཡག་ཤོས་རེད་འདུག་སྙམ་པའི་ངེས་པ་རྙེད་དགོས་ཀྱི་རེད། གཞན་ལ་ངེས་པ་རྙེད་པའི་ཐབས་ལམ་སྟོན་ཐུབ་པ་དགོས་ཀྱི་རེད། སོ་སོར་ངེས་པ་མེད་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལབ་པ་ཡིན་ན། རྨོངས་དད་ཟེར་བ་དེ་རེད། ྋརྒྱལ་བ་རིན་པོ་ཆེས་གསུངས་པ་རེད་ཅེས་དེའི་རྗེས་སུ་ཕྱིན་པ་ཡིན་ན་རྨོངས་དད་ཆགས་པ་རེད། རྨོངས་དད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕན་ཐོགས་གང་ཡང་ཡོད་མ་རེད། ཆོས་ལ་རྨོངས་དད་ཀྱིས་ཕན་ཐོགས་ཡོད་མ་རེད་དེ། སྐབས་རེ་རྨོངས་དད་རང་གི་ཐོག་ནས་དད་པ་ཙམ་འགྲུབ་རྒྱུ་ཡོད་རེད། ཆབ་སྲིད་ཀྱི་ཐོག་ལ་རྨོངས་དད་ཀྱིས་བསྒྲུབ་བྱ་འགྲུབ་རྒྱུ་གང་ཡང་ཡོད་མ་རེད། དེར་བརྟེན་ཡིན་གཅིག་མིན་གཅིག་རྒྱུ་མཚན་མཐོང་བའི་ཐོག་ནས་ངེས་པ་རྙེད་པ་བྱེད་རྒྱུ་དེ་འགན་ཁུར་ཞུ་རྒྱུའི་ཐབས་ལམ་ཡག་ཤོས་རེད། དེ་དང་ཆབས་ཅིག་མང་གཙོའི་རིང་ལུགས་ཡང་དག་ཐོག་འགྲོ་རྒྱུ་དེ་བོད་མིའི་དམིགས་བསལ་སེམས་བསྐྱེད་རེད། དེ་འདྲ་ཡིན་དུས་དབུ་མའི་ལམ་ལ་དད་མོས་མི་བྱེད་མཁན་དེ་ཚོ་དང་མཉམ་མཐུན་གྱིས་གནས་ཐུབ་པ་དང༌། བསམ་ཚུལ་གཞན་ཡོད་མཁན་ལ་བརྩི་མཐོང་དགོས་པ་དེ་མང་གཙོའི་འགྲོ་སྟངས་གལ་ཆེ་ཤོས་དེ་རེད། དེ་བཞིན་ཆབ་སྲིད་ཀྱི་ལྟ་གྲུབ་གཞན་འཛིན་མཁན་ཚོ་ལའང་ལྟ་གྲུབ་གཞན་འཛིན་པའི་ཐོབ་ཐང་ཡོད་པ་དང༌། བསམ་ཚུལ་ལ་མཐོང་འཇོག་ཐུབ་པ། གུས་བརྩི་ཐུབ་པ་དགོས་པ་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་འགན་ཞིག་ཆགས་ཀྱི་རེད། དེ་མིན་མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་ལྟ་གྲུབ་འདྲ་མིན་མཉམ་ཚུགས་ཐུབ་པ་ཞིག་ཆགས་ཀྱི་མ་རེད། ལྟ་གྲུབ་གཅིག་གིས་གཅིག་ལ་གནོན་ཤུགས་སྤྲོད་པ་ལྟ་བུ་ཡིན་ན་མང་གཙོའི་འགྲོ་སྟངས་ཆགས་ཀྱི་མ་རེད། གནོན་ཤུགས་སྤྲོད་རྒྱུ་ཡོད་མ་རེད་ལབ་དུས་རྒྱུ་མཚན་མ་བགྲང་ཟེར་གྱི་ཡོད་མ་རེད། སོ་སོའི་ལངས་ཕྱོགས་དེ་ཡང་དག་པར་སྒྲུབ་པ་ལ་རིག་པ་དང་རྒྱུ་མཚན་བགྲང་ནས་སྒྲུབ་ཐུབ་པ་ཞིག་དགོས་ཀྱི་རེད། ད་ལྟ་ང་ཚོ་མང་གཙོའི་སྤྱི་ཚོགས་གསར་པའི་ནང་ལ་སླེབས་བསྡད་པ་ཞིག་རེད། དེར་བརྟེན་མང་གཙོའི་ལེགས་བྱང་ལ་གོམས་པ་ཞེ་དྲག་ཡོད་མ་རེད། དེ་འདྲ་ཡིན་དུས་ཆབ་སྲིད་ཀྱི་ལངས་ཕྱོགས་མཁྲེགས་པོ་བཟུང་བའི་སྐབས་ལ་གང་ཟག་སྒེར་ལ་མི་མཐུན་པའི་གནས་ཚུལ་ཡོང་བ་ཡིན་ན། ཆབ་སྲིད་ཀྱི་ཐོག་མའི་འགྲོ་སྟངས་མ་འགྲིག་པ་ཆགས་སོང་བ་རེད། དབུ་མའི་ལམ་ལ་འགན་ཁུར་ཞུ་ཕྱོགས་དེ་སོ་སོས་ཤེས་པ་དེའི་ཐོག་ནས་གཞན་ལ་ཤེས་པ་བཟོ་ཐུབ་པ། དེའི་ཐོག་ནས་རང་ཉིད་ཀྱི་ལྟ་གྲུབ་ལ་རྒྱབ་སྐྱོར་འཚོལ་ཐུབ་པ། དེ་དང་ཆབས་ཅིག་ལྟ་གྲུབ་མི་མཐུན་པ་དང་མཐུན་ལམ་བཟོ་ཐུབ་པ་དང༌། མཉམ་ལས་ཐུབ་པ་ཞིག་དགོས་ཀྱི་རེད་བསམ་གྱི་འདུག
མང་པོ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་ལངས་ཕྱོགས་ལ་གཟིགས་ནས་གཏན་ལ་ཕབ་པ་ཡིན་པའི་བསམ་ཚུལ་ཡོང་མཁན་མང་པོ་འདུག་གཱ དེ་ཞེ་དྲག་གི་ནོར་འཁྲུལ་ཆེན་པོ་རེད། ཏིང་ཞོ་ཕིང་གིས་བཀའ་མོལ་ཞུ་བའི་གྲོས་འཆར་བཏོན་པའི་སྐབས་ལ་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐག་གཅོད་ཀྱི་གྲ་སྒྲིག་བྱས་ནས་ལོ་མང་པོ་ཕྱིན་ཚར་བ་རེད། རྒྱ་མི་དང་འབྲེལ་བ་བྱུང་བའི་རྗེས་ལ་སྲིད་བྱུས་དེ་དགོངས་པར་འཁོར་བ་ཡིན་པའི་བསམ་བློ་བཏང་ན་དབུ་མའི་ལམ་གྱི་སྲིད་བྱུས་ཡར་རྒྱས་འགྲོ་སྟངས་ཀྱི་བྱུང་རབས་དེ་གསལ་པོ་མ་ཤེས་པའི་རྟགས་རེད། ༡༩༥༩ ལོའི་ཕྱི་ཟླ་༤ ཚེས་༡༧ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བ་དང༌། བོད་རང་བཙན་བསྐྱར་གསོའི་ལས་འགུལ་འགོ་འཛུགས་གནང་བའི་གསལ་བསྒྲགས་དེ་རྒྱུ་མཚན་གཉིས་ཐོག་གནང་ཡོད་རེད། དང་པོ་དེ་གྲོས་མཐུན་དོན་ཚན་བཅུ་བདུན་དེ་འདྲ་མཉམ་གྱི་ཐོག་ནས་བཞག་པ་མིན་པ། བཙན་འོག་ལ་བཞག་པ་ཡིན་པ་དེ་རེད། བཙན་འོག་ལ་བཞག་པ་ཡིན་པ་མའོ་ཙེ་ཏུང་གིས་ཁས་ལེན་བྱས་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་དང་སྐུ་འཁོར་ལ་ཡོད་པའི་དབང་འཛིན་པ་ཚོས་ཉན་འདོད་རྩ་བ་ནས་བྱུང་ཡོད་མ་རེད་དེ། མི་ཉན་ཐབས་མེད་ང་ཚོས་བཟོས་པ་རེད་ཟེར་བ་དེ་མའོ་ཙེ་ཏུང་གི་གསུང་རྩོམ་དེ་ཚོའི་ནང་ཡོད་རེད། དེ་ཡིན་སྟབས་ང་ཚོའི་རྒྱུ་མཚན་དང་པོ་དེ་རེད། གཉིས་པ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་རེ་རེ་ནས་བསམ་བཞིན་དུ་བརྡལ་བཤིག་བཏང་བའི་རྒྱུ་མཚན་གཉིས་བཀོད་ནས་ང་ཚོས་རྩིས་མེད་བཏང་བའི་རྒྱུ་མཚན་དེ་རེད། དེའི་རྗེས་ལ་རང་བཙན་བསྐྱར་གསོ་བྱེད་པའི་གསལ་བསྒྲགས་བྱས་པ་རེད། ཕྱི་ལོ་༡༩༦༥ དང་༦༦ ཙམ་ནས་ྋསྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་གནང་ཡོད་རེད་བསམ་གྱི་ཡོད། ང་རང་ལ་བཀའ་གནང་བ་དེ་༡༩༦༨ ལོར་ཡིན། དེ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་གསུང་གི་ཡོད་མ་རེད། རང་བཙན་དང་རང་སྐྱོང་བར་གྱི་ཐབས་ལམ་ཞིག་རེད། དབུ་མའི་ལམ་ཟེར་བའི་ཐ་སྙད་དེ་རྗེས་སུ་ཐོགས་པ་རེད། ༡༩༧༤ ལོར་ཕལ་ཆེར་སྐབས་དེའི་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་གཞོན་ཚོར་བཀའ་སྡུར་གནང་ནས་བང་རིམ་དེ་ནས་བསྒྲིགས་པ་ཡིན་ཞེས་ྋསྐྱབས་མགོན་རིན་པོ་ཆེའི་གསུང་བཤད་སྔ་དེང་གི་ནང་ལ་ཡོད་རེད། བྱས་ཙང་ད་ལྟའི་གནས་སྐབས་ལའང་གསར་འགོད་པ་ཚོས་འདི་འདྲ་འདྲི་ཡི་འདུག་ལ། སྤྱིར་དྲི་བ་འདི་འདྲ་ཡོང་གི་འདུག ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོའི་བྱེད་སྟངས་ལ་བལྟས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་ག་རེ་ཡོད་ཟེར་བའི་བཟོ་འདྲ་པོ། དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ནས་བཟོས་ཡོད་པ་ཡིན་ན། ཁོ་ཚོའི་བསམ་བློ་ལ་བལྟས་ནས་སྲིད་བྱུས་བཟོ་དགོས་པ་དང༌། བསྐྱར་ཞིབ་དགོས་པའི་གནས་སྟངས་ཡོང་སྲིད་པ་རེད་པཱ། དེ་འདྲ་རྩ་བ་ནས་མ་རེད། གཉིས་ཕན་ཟེར་བ་དེ་རྒྱ་མིའི་འགོ་ཁྲིད་ཁ་ཤས་དང༌། བོད་པའི་འགོ་ཁྲིད་ཁ་ཤས་ལ་ཕན་པའི་སྐད་ཆ་མ་རེད། བོད་དང་རྒྱ་ནག་མི་མང་གི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་གཟིགས་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་རེད། དེའི་ཐོག་ལ་འགན་ཁུར་མཁན་ཚོས་དགོངས་པ་དེ་འདྲ་བཞེས་ནས་འགན་ཁུར་དགོས་རེད་བསམ་གྱི་ཡོད།
གསུམ་པ། བོད་རིགས་ཡོངས་ལ་རང་སྐྱོང་ཡོང་བའི་བསམ་འཆར་དེ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནང་ལ་ཡོད་རེད། གསལ་པོ་ཞེ་དྲག་རེད། རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་དོན་ཚན་སོ་སོ་ནས་བགྲང་ནས་ང་ཚོས་བཤད་ཀྱི་ཡོད་རེད། སི་ཊ་སི་སྦག་གི་གསུང་བཤད་ནས་ད་ལྟའི་བར་བྱུང་རིམ་འགྱུར་བ་ཕྱིན་པ་དེ་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་གིས་ཕྱིན་པ་གསལ་པོ་རེད། ཡིག་ཆ་འདི་ཆ་ཚང་པོ་རེད། འདི་ལྗགས་ཀློག་གནང་ན་གསལ་པོ་ཤེས་ཀྱི་རེད། མཐའ་བསྡོམས་ལ་མང་ཚོགས་རང་འགུལ་གྱིས་དབུ་མའི་ལམ་གྱི་སྐོར་ཤེས་འདོད་དང༌། དེའི་ཐད་ཕྱག་ལས་གནང་བ་ལ་རྗེས་སུ་ཡི་རངས་དང་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། དེ་གནང་སྐབས་མང་ཚོགས་རང་གི་ལས་འགུལ་གྱི་ངོ་བོ་མ་གཏོགས་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འབོད་སྐུལ་ཞུས་པ་མ་ཡིན་པའི་རྣམ་པ་གསལ་པོ་སྟོན་དགོས་པ་གལ་ཆེན་པོ་རེད། རྒྱ་མིས་ངོས་ནས་ཚང་མ་གཞུང་གིས་ཡིན་པའི་བཟོ་འདྲ་པོ་མཐོང་གི་ཡོད་རེད། གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དེ་ཚོ་ཡང་གཞུང་དང་ལངས་ཕྱོགས་མི་མཐུན་པ་ཡིན་པའི་རྣམ་པ་གསལ་པོ་མེད་པ་དེ་འདྲ་ཞེ་དྲག་ཡོང་གི་འདུག་གཱ དེ་མང་གཙོའི་འགྲོ་སྟངས་བྱས་ན་ཏག་ཏག་བསྡད་ཡོད་མ་རེད། གཞུང་དང་ལངས་ཕྱོགས་མི་མཐུན་པ་ཚོས་གཞུང་དང་ལངས་ཕྱོགས་མི་མཐུན་པ་ཡིན། གཞུང་དང་ཆབ་སྲིད་ཀྱི་ཐོག་ནས་འགལ་ཟླ་ཡིན་ཞེས་གསལ་པོ་བཟོ་དགོས་ཀྱི་རེད་མ་གཏོགས། ཚང་མ་སྦུག་དེར་གཅིག་པ་ཡིན་པའི་བཟོ་འདྲ་པོ་ཆགས་ན་མང་གཙོའི་ལྟ་གྲུབ་དང་མཐུན་གྱི་མ་རེད་ལ། ཡ་རབས་བཟང་སྤྱོད་དང་མི་མཐུན་པ་ཆགས་ཀྱི་ཡོད་རེད། ཁྱེད་རང་ཚོའི་རང་འགུལ་གྱི་ལས་ཀ་དེ་རང་འགུལ་ཡིན་པའི་མངོན་གསལ་དོད་པོ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌། གཞན་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་སྒྲིག་འཛུགས་ཐད་ལམ་སྟོན་གསུང་བཤད་གནང་སོང༌།།