སྲོག་ཁྲིམས་བཅད་པ་ལ་ངོ་རྒོལ་གྱི་བསྒྲགས་གཏམ།
ཉིན་དེར་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། རྒྱ་ནག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཟེར་བའི་དུས་སྟོན་ཚུགས་ནས་ཉིན་གྲངས་ ༡༢ ལས་མ་སོང་བའི་སྐབས་ཏེ། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༨ ཉིན་རྒྱ་ནག་བཙན་འཛུལ་རིང་ལུགས་ཀྱི་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བོད་མི་ཁག་ཅིག་ལ་ཉེས་མེད་ཉེས་འཛུགས་ཀྱི་སྲོག་ཐོག་དང་ཚེ་བཙོན་ཀྱི་ཁྲིམས་ཐག་བཅད་དེ། ཡར་ལངས་བཅིངས་འགྲོལ་ཟེར་བའི་ལོ་ངོ་ལྔ་བཅུའི་རིང༌། ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་རྒྱུན་འཆང་རང་བཞིན་དེ་ལ་ད་དུང་ཡང་འགྱུར་བ་མེད་པའི་བདེན་དཔང་བསྐྱར་མ་ཞིག་བྱས་ཡོད།
སྔ་ལོའི་སུམ་ཅུའི་དུས་དྲན་ཐེངས་ ༤༩ པའི་སྐབས། བོད་མི་ཚོས་ཞི་བའི་ཡར་ལངས་བྱས་པའི་ཁྲོད། བློ་བཟང་རྒྱལ་མཚན་གྱིས་གྱོན་ཆས་ཚོང་ཁང་གཉིས་མེར་སྲེག་གིས་ཚོང་ཁང་དེའི་བདག་པོ་སྲོག་ཤོར་བའི་ཉེས་འཛུགས་ཀྱིས་བློ་བཟང་རྒྱལ་མཚན་འཕྲལ་དུ་སྲོག་ཐོག་དང༌། ལོ་ཡག་གིས་སྐབས་དེར་སྦག་སྦག་ཚོང་ཁང་ཞིག་མེར་སྲེག་གིས་ཚོང་ཁང་དེའི་ནང་མི་གསུམ་དང་ལས་མི་གཉིས་ཀྱི་སྲོག་ཤོར་བའི་ཉེས་འཛུགས་ཀྱིས་ལོ་ཡག་ཀྱང་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང༌། གཞན་བོད་རིགས་བསྟན་འཛིན་ཕུན་ཚོགས་དང༌། རྐང་བཙུགས་གཉིས་ལོ་གཉིས་ནང་ཚུད་སྲོག་ཐོག་གཏོང་རྒྱུ། ཟླ་བ་བཟང་པོ་ཚེ་བཙོན་བཅས་ཀྱི་ཁྲིམས་ཐག་བཅད་ཡོད།
དོན་དངོས་ཁོང་རྣམས་ལ་ཁྲིམས་ཐག་དེ་ལྟར་བཅད་པ་དེ། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་རང་དབང་གི་ཁྲིམས་རྩོད་པ་གླ་འཚོལ་དང༌། དྲང་བདེན་གྱིས་ཁྲིམས་ཞིབ་བརྒྱུད་ཐག་གཅོད་བྱས་པ་ཞིག་མིན་པར། དང་ཐོག་ནས་རྒྱ་ནག་གཞུང་གིས་འཆར་གཞི་དང་ཐག་གཅོད་བཞིན། མ་ཉེས་ཁ་གཡོགས་དང་བཙན་ཤེད་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་ཞིག་དང༌། དེ་ནི་སྔ་བར་ཕྱི་གསུམ་དུ་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དང་མཐོང་ཆུང་བརྙས་བཅོས་བྱེད་པའི་ཧམ་ཤེད་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་མ་ཟད།
གལ་སྲིད་བོད་ནང་བཅིངས་འགྲོལ་དང་རང་དབང་ཡོད་ན། སྲོག་ཐོག་ཉེས་ཆད་ཕྱིར་འཐེན་གྱིས་རྒྱལ་སྤྱིའི་ཁྲིམས་སྲོལ་སྤྱི་དང༌། ལྷག་པར་རྒྱ་ནག་གི་ས་གནས་མི་རིགས་རང་སྐྱོང་ཟེར་བའི་ཁྲིམས་ལུགས་ཀྱི་ལམ་སྲོལ་དང་ཁེ་དབང་གཞིར་བཟུང༌། གཟུར་གནས་ཀྱི་ཁྲིམས་རྩོད་པ་དང༌། རྒྱལ་སྤྱིའི་འཐུས་ཚབ་ཀྱི་བཤེར་དཔང་འོག ཕྱི་གསལ་ནང་གསལ་དང་དྲང་བདེན་གྱི་ཁྲིམས་ཞིབ་བསྐྱར་མ་ཞིག་འཕྲལ་དུ་འགོ་འཛུགས་དགོས་པའི་རེ་འདུན་ནན་པོ་འདོན་རྒྱུ་ཡིན།
གང་ལགས་ཤེ་ན། རྒྱ་ནག་གཞུང་གིས་ད་བར་ལོ་ངོ་ལྔ་བཅུ་རིང་བོད་མི་རྣམས་ཀྱི་ཐོག་དྲང་བདེན་ཀྱི་ཁྲིམས་བཤེར་ཞིག་གཏན་ནས་བྱས་མྱོང་མེད་པར། མ་ཉེས་ཁ་གཡོགས་དང་བཙན་ཤེད་ཁོ་ནས་དམར་གསོད་དང་ཚེ་བཙོན་སོགས་ཁྲིམས་འགལ་གྱི་སྒོ་ནས་ཁྲིམས་ཐག་བཅད་ཡོད་ཅིང༌། ལྷག་པར་ནག་ཉེས་རྒྱ་གཞུང་གིས་བཟོས་ཏེ་དེའི་ངན་ཁག་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཚོའི་ཐོག་གཡོགས་པ་ནི་རྒྱ་ནག་གིས་བོད་བཙན་བཟུང་དང་བོད་མི་རིགས་རྩ་མེད་བཟོ་བའི་རྒྱུན་རིང་གི་བྱེད་ཐབས་ཤིག་ཆགས་ཡོད།
དཔེར་ན། ཕྱི་ལོ་ ༡༩༨༩ ལོའི་བོད་མིའི་རླབས་ཆེན་གྱི་ཞི་བའི་ཡར་ལངས་འགོག་བསྡོམས་འཁྱོག་བརྗོད་དང་བོད་མིའི་ཐོག་དྲག་གནོན་དམར་གསོད་བྱ་ཆེད། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་བོད་སྡོད་ཉེན་རྟོག་དྲག་ཆས་དམག་དཔུང་ཟེར་བར་རྒྱ་ནག་དབུས་ཉེན་རྟོག་སྤྱི་ཁྱབ་བཀའ་བཀོད་ཁང་གི་སྤྱི་ཁྱབ་དམག་དཔོན་ལི་ལན་ཝུ་ཡིས་མིང་རྟགས་བཀོད་པའི་བཀའ་རྒྱ་བཏང་རྗེས། ལྷ་སར་དྲག་གནོན་བྱ་རྒྱུའི་གསང་བའི་འཆར་གཞི་དོན་ཚན་བཞི་པའི་ནང༌། གསང་ཉུལ་ཡན་ལག་རུ་ཁག་ནས་མི་སུམ་བརྒྱ་ཙམ་ཞིག་ལྷ་སའི་ངོ་རྒོལ་ཡོད་སའི་ས་གནས་ཁག་ཏུ་བསྐྱོད་དེ་མང་ཚོགས་དང༌། གྲྭ་པའི་ནང་འཛུལ་ནས་ཚེས་ ༥ ཉིན་སྤྱི་བདེ་ཐིང་དང༌། སྤྱི་བདེ་ཅུས་ཀྱི་དཀྱུས་ཆས་སྤྲས་པའི་ཉེན་རྟོག་པར་རོགས་འདེགས་བྱས་ཏེ། དགའ་ལྡན་དར་སྨྱོན་དང༌། ཤར་སྐྱ་རེངས་མེར་སྲེག་གཏོང་རྒྱུ། དེ་བཞིན་ལྷ་ས་ཁྲེང་ཀོན་ཆུས་ཟེར་བའི་འབྲུ་མཛོད་དང༌། བོད་དང་ཀན་སུའུ་ཟུང་འབྲེལ་གྱིས་གཉེར་བའི་ཚོང་ཁང་ཆེན་མོ་ཟེར་བ་བཅས་ལ་མེར་སྲེག་དང་ཅ་དངོས་བརྐུ་ཁྱེར་བྱ་རྒྱུ་སོགས་ཀྱིས་ལྷ་སའི་ངོ་རྒོལ་གྱི་རྣམ་པ་ཟང་ཟིང་བཟོ་རྒྱུ། ལས་འགན་དེ་ཆེས་གསང་བ་ཡིན་པས། ཕྱིར་གྱར་མི་ཆོག་པ་དང་དེ་ལས་འགལ་ཚེ་ཆད་པ་ནན་པོ་གཅོད་རྒྱུ་ཞེས་པའི་ཐག་གཅོད་ལྟར། ཕྱི་ལོ་ ༡༩༨༩ ལོའི་བོད་མིའི་ཞི་རྒོལ་ཡར་ལངས་དྲག་ཟིང་དུ་བསྒྱུར་ནས་བོད་མི་རྣམས་དྲག་གནོན་དམར་གསོད་དང༌། ཁྲིམས་ཆད་ལག་བསྟར་བྱས་པ་བཞིན།
སྔ་ལོའི་ཞི་རྒོལ་ནང་དུ་ཡང་རྒྱ་གཞུང་གིས་བྱ་ཐབས་དེ་ཉིད་སྤྱད་དེ། གསུམ་པའི་བཅུའི་ཞི་རྒོལ་དེ་གསུམ་པའི་བཅུ་བཞིའི་དོན་རྐྱེན་ཟེར་བ་བཟོས་ཤིང༌། བོད་མི་རྣམས་ལ་རིམ་བཞིན་མ་ཉེས་ཁ་གཡོགས་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཆད་སྣ་ཚོགས་བཅད་པའི་ནང་ནས་གོང་གསལ་བོད་མི་ལྔར་སྲོག་ཐོག་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེ་ཡིན་ཞིང༌། དེ་ནི་རྒྱ་ནག་གིས་ནག་ཉེས་རང་ཉིད་ཀྱིས་བཟོས་ཏེ་ཉེས་འགན་བོད་མིར་གཡོགས་ཤིང༌། བོད་མི་རིགས་རྒྱུན་མཐུད་རྩ་མེད་བཟོ་བའི་ངན་ཇུས་ཤིག་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་སྤྱི་བསྒྲགས་སྤེལ་ནས་མི་ལོ་ ༦༠ འཁོར་ཡང༌། རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་རྒྱ་ནག་གཞུང་གིས་བོད་ནང་ཉེས་འགེལ་གྱིས་མུ་མཐུད་དམར་གསོད་དང་ཁྲིམས་ཆད་ལག་བསྟར་བྱེད་བཞིན་པ་ནི། རྒྱལ་ཚོགས་ཀྱི་ངོ་ཚའི་གནས་བབ་ཅིག་ཡིན་པས། དོན་དངོས་རྒྱལ་སྤྱིས་ཞི་བདེ་དང་རང་དབང་ལ་འགན་འཁུར་སེམས་ཡོད་ན། དོན་དེར་ངེས་པར་དུ་རྒྱལ་ཚོགས་ཀྱི་གནོན་ཤུགས་དང་བརྡ་ལན་དགོས་པ་མ་ཟད། བོད་ཀྱི་བདག་དབང་དང་བོད་མིའི་ཚེ་སྲོག་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་མ་བྱས་བར་དུ་རྒྱ་ནག་དེ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་གཏན་ནས་བྱ་འོས་མེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༩ ཉིན།། །།
ཌᠣ⁽1400⁾
