དོལ་ཚོགས་ཀྱི་མི་སྣ་ཁོ་ཚེ་ཚུལ་ཁྲིམས་སོག་པོར་བརྫུས་ནས་བཞུགས་སྒར་དུ་འབྱོར་བ།
ཁོས་ཉེ་བའི་ཆར་བཞུགས་སྒར་དུ་སོག་པོར་བརྫུས་ནས་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བཙལ་འདུག་པར། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་རྒྱུ་མཚན་རེ་ཟུང་གི་ཐོག་ནས་ཐུགས་དོགས་སྐྱེས་ནས། ཁོ་ལ་བརྟག་དཔྱད་དང་འདྲི་རྩད་གནང་བའི་སྐབས་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་ཡིན་པ་ར་སྤྲོད་བྱུང་ཡོད་པ་མ་ཟད། གངས་ཅན་རྒྱ་བོ་སོགས་དང་དོལ་ཚོགས་ཀྱི་མི་སྣ་དག་དང་འབྲེལ་བ་ཡོད་ཚུལ་དང༌། ལྷག་པར་དུ་ཁོ་རང་གིས་པར་སྐྲུན་བྱེད་བཞིན་པའི་དེབ་དེ་དག་གི་སྦྱིན་བདག་ཀྱང་གངས་ཅན་རྒྱ་བོ་དང༌། སོག་བླ་གུ་རུ་དེ་ཝ་སོགས་ཡིན་ཚུལ་ཁོ་རང་གིས་ཀྱང་ཁས་ལེན་བྱས་ཡོད་འདུག བདེ་སྲུང་ལས་ཁུངས་ནས་འདི་ལྟར་ཝ་མོ་དབྱིག་ལ་བརྫི་མཁན་གྱི་མ་རབས་རྣམས་ཐེར་འདོན་གནང་ཐུབ་པ་ནི་ཧ་ཅང་བསྔགས་འོས་བ་ཞིག་ཡིན་པ་དང༌། མི་སྒེར་སུ་དང་སུ་ཡིན་ཡང་མ་འོངས་པར་ཡང་འདི་ལྟ་བུའི་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས་པ་ཧ་ཅང་གལ་ཆེ། གལ་སྲིད་ཁོ་ཚེ་ཚུལ་ཁྲིམས་ཁོ་༸གོང་ས་མཆོག་གི་སྐུ་མདུན་དུ་སོག་པོ་ཡིན་ཤག་བྱས་ནས་མཇལ་ཁར་བཏང་བ་ཡིན་ན་དོན་རྐྱེན་ག་རེ་ཡོང་གི་ཡོད་མེད་བཤད་ཚོད་ཐིག་དཀའ་ཡང༌། ཁོ་རང་དུས་རྒྱུན་དོལ་རྒྱལ་ཚོགས་པའི་མགོ་གཙོ་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། དེ་དག་གི་ས་ནས་ཁེ་ཕན་ཡང་ཆེན་པོ་ལེན་མཁན་ཞིག་ཡིན་པ་དང༌། ལྷག་པར་དུ་བཞུགས་སྒར་དུ་༸གོང་ས་མཆོག་གི་སྐུ་མདུན་དུ་བཅར་རྒྱུའི་སྟ་གོན་དེ་ཡང་སོག་པོར་བརྫུས་ནས་བྱས་པ་སོགས་གང་ལྟར་དོགས་པ་ཆེན་པོ་སྐྱེ་དགོས་པའི་མི་སྣ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རེད། ད་ལྟའི་གནས་ཚུལ་འདི་ཉིན་ཤས་སྔོན་དུ་བྱུང་འདུག་ལ། གོ་སྐབས་འདི་བརྒྱུད་ནས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་འགན་ཁུར་ཚུལ་བཞིན་འགྲུབ་ཐུབ་པར་བསྔགས་བརྗོད་ཀྱང་ཞུ་བཞིན་ཡོད་ལ། མ་འོངས་པར་ཡང་སྔར་ལྷག་ཐུགས་ཞིབ་གནང་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།