སེམས་ཁོང་གི་དག་ཞིང་

གསེར་མདོག་རྒྱ་ཕེགས་ཨ་སྔོན་དབྱིངས་སུ་ཟུག།        

བྱིན་ཅན་རྟེན་རྫས་དད་ལྡན་གསོས་སུ་སྨོན།།        

ཟུང་བཞི་ཁམས་མཚན་ལྔ་རིགས་གཙུག་ལག་མཛོད།།        

སུམ་རྩེན་དགའ་འཚལ་གླིང་དེ་མི་ཡུལ་འཕོས།། 

བསུང་ཞིམ་དྲི་ལྡང་ཆུ་སྐྱེས་འདབ་མ་གཡོ།

རྩེན་དགའ་ཕྱེ་ལེབ་ཚོགས་ཀྱིས་འཕུར་ལྡིང་རོལ།

ཤ་ཤེད་རྒྱས་པའི་འབྲི་གཡག་ཞི་བདེར་འཚོ།

མར་གད་མདོག་མཛེས་ཕ་ཡུལ་བསིལ་མོ་ལྗོངས།།           

ལྷུག་ལྷུག་གཡོ་བའི་ལྕུ་ཕྲན་ལག་གདང་སྦྲེལ།།          

སྙན་འགྱུར་སྒྲོག་པའི་འདབ་ཆགས་གཤོག་རྩལ་རྔོམ།།          

འབྲས་བཟང་བརྟས་པའི་རྐང་འཐུང་སྣ་འཛོམས་ཞིང་།།          

སྟུག་པོའི་ནགས་ཁྲོད་ལྷིང་འཇགས་གངས་ལྗོངས་ཡུལ།། 

མཛེས་ལྡན་གངས་ལྷ་མེ་ཏོག་གོང་ན་བཞད།

སྙན་འགྱུར་ཁུ་བྱུག་གླུ་དབྱངས་ཤོས་ནས་གྱེར།

གཡང་དཀར་ལུག་གུའི་འབར་སྒྲ་སྦང་ན་སྙན།

ཡིད་སེམས་འཕྲོག་བའི་ཕ་ཡུལ་དག་པའི་ཞིང་།།