མན་ཇུག་ཊི་ལའི་ལྟད་མོ་སླར་ཡང་མཐོང༌།

 མྱི་མང་སྣ་འདུས་མ་ཇུག་ཊི་ལའི་ཁྲོམ།།

ཡུན་རིང་བསྡད་འདོད་སེམས་ལ་མེད་ན་ཡང༌།།

མེ་འཁོར་འཛིན་བྱང་དུས་ཐོག་མ་རག་པས།།

ད་དུང་ཉིན་ཤས་མ་བསྡད་རང་བསྡད་རེད།།

 

དེ་སྔོན་ནུབ་ཕྱོགས་ཨ་རིར་འཕུར་སྐབས་དང༌།།

དྷ་རམ་ས་ལར་ཐེངས་མང་བསྐྱོད་པའི་སྐབས།།

ལྷ་འདྲེའི་ཆོ་འཕྲུལ་འདྲ་བའི་གྲོང་ཚོ་འདིར།།

ཐེངས་གཅིག་མིན་པར་ཡང་ཡང་འགྲིམས་ནས་སོང༌།།

 

སྟོན་མཇུག་རླུང་ལྟར་འཚུབ་པའི་ཁོར་ཡུག་འདིར།།

ཇི་ཙམ་སླེབས་ཀྱང་རྫོགས་མཐའ་མི་མངོན་པའི།།

ཡ་མཚན་ལྟད་མོ་འདྲ་མིན་མང་དྲགས་ནས།།

ཐམས་ཅད་བྲིས་ན་རྫོགས་མཐའ་ག་ལ་ཡོད།།

 

དེ་རིང་གསར་དུ་མཐོང་བའི་ལྟད་མོ་འགའ།།

དོན་གྱི་སྙིང་པོར་སྒྲོ་བཏགས་མ་བྱས་ཤིང༌།།

ཚིག་གི་ལོ་མས་བརྗོད་དོན་མ་སྒྲིབ་པར།།

བདེན་པའི་གཏམ་གྱི་ཉིན་ཐོ་འབྲི་འདོད་སྐྱེས།།

 

ཆང་ཁང་བཀག་ནས་ཞག་གསུམ་མ་ལོན་གོང༌།།

ཨ་ཁང་སྒོ་འབྱེད་བྱས་པའི་མཛད་སྒོ་མཐོང༌།།

བྱམས་བརྩེ་དཀར་སྐྱོང་ཚོགས་མིའི་ཟ་ཁང་ནང༌།།

ར་ཤ་གླང་ཤའི་རྒྱས་སྤྲོས་སྔར་བས་ཆེ།།

 

གཉེན་སྒྲིགས་རྟེན་འབྲེལ་བྱས་པའི་སྔར་ནུབ་ཏུ།།

བཟའ་ཟླའི་ཕང་ནས་ཕྲུ་གུ་སྐྱེས་པ་ཐོས།།

བུ་དགུ་ཨ་མས་པ་ཇ་བྷ་ཛའི་ཁྲོམ།།

འཇའ་མ་བརྫིས་ནས་སྟུ་བཙོང་རྒྱབ་པ་ཐོས།།

 

གྲྭ་ཆས་གོན་ནས་ཨེ་སིང་མགྲོན་ཁང་ནང༌།།

ན་གཞོན་བུ་མོ་རུམ་པའི་ལྟད་མོ་མཐོང༌།།

ཨེ་བྷི་སི་ཌི་ཡིག་ངོ་མི་ཤེས་པར།།

ཡིག་ཆ་རྫུན་མའི་ནག་འཚོང་རྒྱག་མཁན་མང༌།།

 

གཞང་འཚོང་བུ་མོ་བཀག་པའི་ཁྱབ་བསྒྲགས་འོག།

མོ་བྷེལ་ཨང་གྲངས་འཁོད་པའི་འཛིན་བྱང་གསལ།།

ཚོང་པ་རྒན་པོ་བསྡད་སའི་མགྲོན་ཁང་ནང༌།།

སྨད་ཚོང་བུ་མོའི་དགོད་སྒྲ་གཞན་ལས་སྙན།།

 

རྒྱབ་ལྕོག་གྲུ་བཞི་བསྒྲིགས་པའི་སྦག་ཁང་ནང༌།།

ཁྲི་ཕྲག་འབུམ་ཕྲག་འཛུགས་པའི་རྒྱན་རྩེད་མཐོང༌།།

ཁྱོ་ག་ཆང་གིས་བཟི་ནས་གཉིད་པའི་རྗེས།།

བཟའ་ཟླ་གཡོག་པོས་རུམ་པའི་གཏམ་རྒྱུད་མང༌།།

 

མན་ཇུག་ཊི་ལའི་ཡ་མཚན་ལྟད་མོ་ཀུན།།

ཤོག་ཐོག་ཕབ་ན་རྫོགས་མཐའ་མི་འདུག་ཀྱང༌།།

དེ་རིང་ཁ་རྩངས་མཐོང་ཐོས་བྱུང་བ་རྣམས།།

ཉིན་ཐོ་གྲུ་བཞིའི་ནང་དུ་བཀོད་པ་ལགས།།

 

༢༠༠༥།༦།༦།ཉིན་ལྡི་ལི་ནས་བྲིས།