འཆི་མེད་དགའ་ཚལ་གླིང་དགོན་པ་དབུ་འབྱེད་མཛད་སྒོ།
ཟླ་འདིའི་ཚེས་༡༢ ཉིན་དྷ་ས་ནོར་བུ་གླིང་ཁའི་ཉེ་འགྲམ་ཁམས་སྤྲུལ་རིན་པོ་ཆེས་གསར་བཞེངས་གནང་བའི་སྔ་འགྱུར་རྙིང་མའི་ཆོས་སྡེ་འཆི་མེད་དགའ་ཚལ་གླིང་ཞེས་པ་དབུ་འབྱེད་མཛད་སྒོའི་ཐོག་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། ྋརྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ། དྷཱིཿམདའ་ཀརྨའི་སྤྲུལ་སྐུ་ཨོ་རྒྱན་རིག་འཛིན་མཆོག འཁོན་གྱི་གདུང་རྒྱུད་ཨ་སངྒ་མཆོག སྤྲུལ་སྐུ་ཨ་བན་མཆོག་དང༌། བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཐའེ་ཝན་དང༌། ཨ་རི། ཁེ་ན་ཌ། སོག་པོ་སོགས་ནས་ཕེབས་པའི་སྐུ་མགྲོན་ཁག་ཅིག གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རིས་ཆར་ཌི་གྷིར་སོགས་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་བ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོས་དགོན་པའི་འདུ་ཁང་ཆེན་མོ་དབུ་འབྱེད་གནང་རྗེས། ཁམས་སྤྲུལ་རིན་པོ་ཆེ་དང༌། དྷཱི་མདའ་ཀརྨའི་སྤྲུལ་སྐུ་ཨོ་རྒྱན་རིག་འཛིན། འཁོན་གྱི་གདུང་རྒྱུད་ཨ་སངྒ་བཅས་ནས་ྋགོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཆེད་བརྟན་བཞུགས་ཕུལ་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་བཀའ་གནང་དོན། ང་ཚོ་བཙན་བྱོལ་བ་གཞན་དག་དང་མི་འདྲ་བར། ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཞིག་ཡོད་རེད། མི་རིགས་གཞན་དང་འདྲ་བའི་སོ་སོའི་སྐད་ཡིག་ལོགས་སུ་ཡོད་པ་དང༌། སྐད་ཡིག་དེའི་ནང་ལ་རིག་པའི་གནས་ལྔ་ལ་སོགས་ཡོད་པ་དེ་ཕྱུག་པོ་ཆགས་བསྡད་ཡོད་རེད། དེ་བོད་མི་རང་ཉིད་ཀྱི་ཁེ་ཕན་ཙམ་དུ་མ་ཟད། འཛམ་བུ་གླིང་འདིའི་སྒང་གི་ཆོས་དང་རིག་གཞུང་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་བཙན་བྱོལ་བས་བྱེད་དགོས་པའི་ལས་རིགས་སྣ་ཚོགས་ཡོད་པའི་ཐོག་ལ་དམིགས་བསལ་གཅིག་དེ་སོ་སོའི་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་ཡོད་པ་དེ། བཙན་བྱོལ་དུ་གནས་པའི་རིང་ལ་བདག་པོ་ཡག་པོ་རྒྱག་ཐུབ་པ་དང༌། སྤུས་དག་པོ་ཞིག་བཟོ་དགོས་པའི་ལས་འགན་ཞིག་ཡོད་རེད་ཅེས་དང༌།
ཁམས་སྤྲུལ་རིན་པོ་ཆེ་ནི་རྙིང་མའི་ཆོས་བརྒྱུད་འཛིན་མཁན་ཞིག་རེད། དེ་དང་ཆབས་ཅིག་རིས་སུ་མ་ཆད་པའི་བསྟན་པ་ལ་དད་པ་དག་སྣང༌། བསམ་པ་རྣམ་དག་བྱེད་མཁན་ཞིག་རེད། ྋགོང་ས་ལྔ་པ་ཆེན་པོའི་དག་སྣང་ཡང་གསང་རྒྱ་ཆེན་གྱི་སྐོར་ལ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། རིན་པོ་ཆེས་སྔོན་མ་ང་ལ་ག་འདྲ་དགོས་མིན་དྲིས་པས། ངས་མོ་བརྒྱབ། དེ་ནས་ཡག་པོ་འདུག་དགོན་པ་བཞེངས་འགོ་ཚུགས་ཤོག་ལབ་ནས་ལས་ཀ་དེ་འགོ་བཙུགས་པ་རེད། བར་སྐབས་རིན་པོ་ཆེ་གཟུགས་པོ་སྐྱོ་པོ་ཆགས་ཀྱང་དེང་སང་ཡག་ཐག་ཆོད་རེད། འདི་དག་ཚང་མ་ལེགས་འགྲུབ་བྱུང་བ་རེད། ཡག་པོ་ཞེ་དྲག་བྱུང་འདུག་ཅེས་དང༌།
སངས་རྒྱས་ཀྱི་བསྟན་པ་ཞེས་ངོ་ཐོག་མཛུབ་མོ་འཛུགས་ས་དེ་རང་གི་རྒྱུད་ལ་བལྟ་དགོས་ཀྱི་རེད། རང་རྒྱུད་ལ་སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱས་ནས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གིས་མཚོན་པའི་མདོ་རྒྱུད་ཀྱི་གཞུང་མང་པོ་ཡོད་པ་དེ་དག་སློབ་གཉེར་དང༌། ཤེས་ཚད་ཀྱི་ཐོག་ནས་ལུང་གི་ཡོན་ཏན་ཡོད་པ། མདོར་ན་སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱས་ནས་དེའི་བརྗོད་བྱ་བསླབ་པ་གསུམ་གྱི་ཉམས་ལེན་རང་རྒྱུད་ལ་ཚང་བ་དགོས་ཀྱི་ཡོད་རེད། ལུང་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་ཚང་བ་ཞིག་མེད་པ་ཡིན་ན་ཕྱི་ལོགས་སུ་རྒྱས་སྤྲོས་ག་ཚོད་ཡོད་ཀྱང༌། དེས་བསྟན་པ་རྒྱས་པ་ཟེར་བ་བཤད་ཐུབ་རྒྱུ་ཁག་པོ་རེད། བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱིས་མ་གཏོགས་འཛིན་རྒྱུ་མེད་པ་རེད་ཅེས་དང༌།
རིན་པོ་ཆེས་ད་གིན་ཀློང་ཆེན་གྱི་མཛོད་བདུན་གསུངས་སོང་ཡག་པོ་ཞེ་དྲག་འདུག དེང་སང་རྙིང་མའི་ཆོས་བརྒྱུད་འཛིན་མཁན་ཚོས་སྙིང་ཐིག་ཞུས་ཡོད་ཟེར་མཁན་འདྲ་པོ། ཀློང་ཆེན་མཛོད་བདུན་ཞེ་དྲག་བཤད་མཁན་ཡོང་གི་མི་འདུག་གཱ ཀློང་ཆེན་མཛོད་བདུན་དང༌། སེམས་ཉིད་ངལ་གསོ་དེ་ཚོ་ཧ་ལས་པའི་གཞུང་ཡག་པོ་རེད་འདུག་ཅེས་དང༌། སྦྱིན་བདག་ཚོས་བསྔོ་བ་ཡག་པོ་བྱེད་དགོས་པ་གལ་ཆེན་པོ་རེད། འཇིག་རྟེན་ཆོས་བརྒྱད་དབང་གིས་གཏམ་དང་སྙན་གྲགས། ཚེ་འདིའི་ནད་མེད་པ་ཚེ་རིང་བ། བྱ་བ་ལམ་འགྲོ་ཡོང་བ། ཚོང་ཡག་པོ་ཡོང་བ་ཞེས་དེ་འདྲ་ཙམ་མ་ཡིན་པར་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པའི་ཐོག་ལ་མཐུན་རྐྱེན་སྦྱར་བ་དེའི་དགེ་རྩ་ལ་བརྟེན་ནས། ནམ་མཁའ་མཐས་གཏུགས་པའི་སེམས་ཅན་ལ་ཕན་ཐོགས་ཡོང་བ། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པ་དེ་འདྲའི་སྨོན་ལམ་བརྒྱབ་པ་ཡིན་ན། གཞན་དང་མི་འདྲ་བའི་བསོད་ནམས་རླབས་ཆེན་པོ་དང་རྒྱ་ཆེན་པོ་ཡོང་གི་རེད། བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་འཛིན་པའི་ཆོས་ཤིག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རོགས་བྱས་པ་ཡིན་དུས། ཁྱེད་རང་ཚོ་ཡིན་ན་ཡང་ག་ཚད་ཐུབ་ཐུབ་ཀྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང༌། རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་བསམ་བློ་བཏང་ནས་བྱམས་པ་དང་སྙིང་རྗེ་ཉམས་ལེན་བྱེད་ཐུབ་པ་བྱུང་ན། དངོས་གནས་བསྟན་པའི་སྦྱིན་བདག་མིང་དོན་མཚུངས་པ་ཞིག་རེད། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་དད་པ་གཅིག་པུའི་སྐད་ཆ་མ་རེད། དད་པ་དེའང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཞིག་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་དད་པ་ཞིག་དགོས་ཀྱི་ཡོད་རེད། ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཀྱི་ཡོད་རེད། དེར་བརྟེན་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། ད་ལྟ་ཟང་ཟིང་གི་ཐོག་ནས་འབྲེལ་བ་ཆགས་པ་ཞིག་རེད། མ་འོངས་པར་ཆོས་ཀྱི་འབྲེལ་བ་ཞིག་ཆགས་ནས་འདིར་སློབ་གཉེར་ལ་ཡོང་ཐུབ་པ་བྱུང་ན་དཔེ་ཡག་པོ་རེད་ཅེས་སོགས་བཀའ་སློབ་ཟབ་ནན་གསུངས་སོང༌།
གཞན་ཡང་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་དགོན་པ་གསར་བཞེངས་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་ཐོག་ནས་གསུང་བཤད་སྨིན་སྩལ་དང༌། ཆོས་རིག་བཀའ་བློན་མཆོག་གིས་བཀའ་ཤག་གི་ཚབ་དང༌། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་ཚབ་བྱས་ནས་གཙུག་ལག་ཁང་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་དང༌། ཁམས་སྤྲུལ་རིན་པོ་ཆེས་ད་བར་བོད་བསྟན་སྲིད་ཀྱི་དོན་དུ་ཕྱག་ལས་གནང་བར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་སོང༌། མཇུག་ཏུ་འཆི་མེད་དགའ་ཚལ་གླིང་གི་མཁན་པོ་ལས་ཐོག་པས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།།