རྒྱ་ནག་གཞུང་གིས་རྒྱ་གར་གྱི་སྲིད་འཛིན་ལ་ངོ་རྒོལ།

    དེ་ཡང་རྒྱ་གར་གྱི་སྲིད་འཛིན་ལྕམ་པཱ་ཊལ་ཉིན་གྲངས་༤ རིང་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག་ཏུ་གཟིགས་སྐོར་ལ་ཕེབས་ནས། མཐར་ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་འཁྲུགས་སྐབས་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཚོའི་དྲན་གསོའི་ཉིན་མོར། ཆེད་དུ་མོན་རྟ་དབང་གི་ལུང་པར་ཕེབས་ཏེ་ས་གནས་དེའི་དམག་སྤྱི་ཆེན་པོ་སོགས་ལ་ཐུག་འཕྲད་ཀྱིས་ལོ་རྒྱུས་རང་བཞིན་གྱི་རྟེན་འབྲེལ་སོགས་གནང་ཡོད་པ་དང༌།  དེ་བཞིན་མོན་ཡུལ་དུ་མི་ལོ་༤༠༠༠ གི་ལོ་རྒྱུས་ལྡན་པའི་ནང་པའི་དགོན་གནས་སུ་གཟིགས་སྐོར་ལ་ཕེབས་སྐབས། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས། ཕྱོགས་གཉིས་ཀས་འབད་བརྩོན་ཆེན་པོའི་ཐོག་ནས་ཚོང་ལས་དང་འཕྲོད་བསྟེན་བདེ་འཇགས་སོགས་ཡར་རྒྱས་གཏོང་བཞིན་པའི་སྐབས་ལ། རྒྱ་གར་གྱི་སྲིད་འཛིན་མོན་རྟ་དབང་ཡུལ་དུ་གཟིགས་སྐོར་ལ་སོང་བ་དེ་རྒྱ་ནག་གཞུང་ལ་བློ་ཕམ་གྱི་གནས་ཚུལ་རེད་ཅེས་བརྗོད་ཡོད་པ་རེད།
    ཕྱི་ལོ་ ༢༠༠༨ ཀྱི་ལོ་འགོར་རྒྱ་གར་གྱི་སྲིད་བློན་མན་མའོ་ཧཱ་སིན་དང་བདེ་སྲུང་བློན་ཆེན་གཙོ་བོར་གྱུར་པའི་དཔོན་རིགས་ཚོ་ཨ་རུན་ནཱ་ཆལ་མངའ་སྡེར་རྟེན་འབྲེལ་གྱི་འཛུགས་སྐྲུན་རྨང་རྡོ་གཏིང་རྒྱུ་དང༌། ཨི་ཊན་ན་རྒ་ནས་ཨ་སམ་བར་མེ་འཁོར་ལྕགས་ལམ་སོགས་ཀྱི་ལས་འཆར་དོ་དམ་ཆེད་ཕེབས་སྐབས། རྒྱ་ནག་གིས་གནོན་ཤུགས་འོག་རྟ་དབང་དུ་གཟིགས་སྐོར་ལ་ཕེབས་ཐུབ་མེད་པ་དང༌། སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པིར་ནབ་མཆོག་གིས། རྒྱ་གར་གྱི་ཁོངས་སུ་གཏོགས་པའི་མངའ་སྡེ་གང་ཡིན་རུང་སྲིད་བློན་མཆོག་རང་དབང་གི་ཐོག་ནས་ཕེབས་ཆོག་པ་ལས། རྒྱལ་ཁབ་གང་གིས་ཀྱང་རྒྱ་གར་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ཅེས། གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བྱས་པས་རྒྱ་དཀར་ནག་གཉིས་དབར་རྙོག་གཏམ་མང་པོ་ལངས་ཡོད་པ་རེད། 
    ཕྱི་ལོ་ ༡༩༦༢  ལོར་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུགས་སྐབས་རྒྱ་གར་གྱི་མངའ་སྡེའི་ཁོངས་སུ་གཏོགས་པའི་མོན་ཡུལ་ཕྱོགས་སུ། རྒྱ་ནག་གིས་སྤྱི་ལེ་གྲུ་བཞི་མ་ ༩༠༠༠༠ ལྷག་ཙམ་ཕྲོགས་ཡོད་པ་དང༌། དེ་བཞིན་རྒྱ་ནག་ཕྱོགས་ནས་མོན་ཡུལ་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་ཁུལ་ཡིན་པ་དང༌། ྋགོང་ས་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ས་ཆ་དེར་སྐུ་འཁྲུངས་ཡོད་པས། ས་ཁུལ་དེ་དག་ལོ་རྒྱུས་ཀྱི་ཆ་ནས་བོད་ཀྱི་མངའ་ཁུལ་རྩོད་མེད་ཡིན་ན། དེང་སྐབས་རྒྱ་ནག་གི་ས་ཁུལ་རྩོད་མེད་ཡིན་པ་ནི་ལོ་རྒྱུས་ཀྱིས་ཁ་གྲགས་ནས་བསྡད་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
    དེ་བཞིན་ཕྱི་ལོ་ ༢༠༠༨ རྒྱ་གར་གྱི་མངའ་སྡེ་ཁག་གི་དཔོན་རིགས་ཚོ་རྒྱ་ནག་ཏུ་ཚོགས་འདུར་གདན་འབྲང་སྐབས། ཨ་རུན་ནཱ་ཆལ་མངའ་སྡེའི་དཔོན་པོ་ལ་རྒྱ་ནག་གཞུང་ཚབ་ཀྱིས། ཁྱེད་ཀྱི་མངའ་སྡེ་རྒྱ་ནག་གི་ཆ་ཤས་ཡིན་པས་རང་རྒྱལ་དུ་འགྲུལ་བཞུད་བྱེད་པ་ལ་མཐོང་མཆན་དགོས་དོན་མེད་ཅེས་བསྒྲགས་གཏམ་སྤེལ་བས། སྐབས་དེར་རྒྱ་གར་གྱི་དཔོན་རིགས་ཡོངས་རྫོགས་རྒྱ་ནག་ཏུ་ཚོགས་འདུར་ཕེབས་རྒྱུ་ཕྱི་འཐེན་བྱས་དགོས་བྱུང་ཡོད་པ་རེད། དེ་དང་དེ་འདྲ་བ་ལ་དྭགས་སོགས་སུའང་རིམ་གྱིས་དཀའ་ངལ་འཕྲད་སྲིད་པ་སོགས། རྒྱ་གར་གཞུང་གིས་སེམས་ཚབ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།