རྨ་ཆུ་རྫོང་དབལ་པཎ་ཤང་དུ་བོད་མི་འཛིན་བཟུང།
དབལ་པཎ་ཤང་དུ་གཞུང་གྲུག་འཛིན་མཁན་ཤི་ལོག་ཟེར་བའི་ཁྱིམ་ཚང་ནང་སྔོག་བཤེར་གྱིས་སྤྱང་པགས་ཤིག་ཐོན་པར་མེ་མདའ་ཡོད་པར་བསྙད་དེ་སྤྱང་པགས་ཕྲོགས་ཏེ་ཁོང་ལ་ཉེས་རྡུང་བཏང་བར་བརྟེན། ཁོའི་གྲོགས་པོ་དཀོན་བྷེ་དང་བློ་བཟང༌། རྔ་པ་རུ་སྐོར་གྱི་གྲགས་པ་སོགས་ཡོང་སྟེ་ཁྲིམས་འཛིན་མི་སྣ་ཞིག་གི་དངོས་ནས་བཤད་ན་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཚུལ་བཤད་སྐབས། དམག་དཔུང་གིས་ཁོང་ཚོར་ལག་ལྕགས་བརྒྱབ་སྟེ་འཛིན་བཟུང་བྱེད་སྐབས། མཆོད་མཇལ་བ་དང་དམག་དཔུང་ལག་འཛིང་གིས་དམག་མི་བརྒྱད་ལ་རྡོ་གཞུས་ཏེ་རྨས་སྐྱོན་ཕོག་ཡོད་འདུག་ལ། གོང་གསལ་མི་བཞི་དེའང་འཛིན་བཟུང་བྱེད་བཅུག་མེད་འདུག དཀོན་བྷེའི་མགོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ལྟ་ལན་ཀྲུའུ་སྨན་ཁང་དུ་ཡོད་ཅིང༌། བློ་བཟང་ལ་རྩིབས་རུས་གཉིས་བཅག་ཡོད་མོད་ད་ལྟའི་ཆར་རྔ་བ་རུ་སྐོར་གྱི་གྲགས་པ་དང་མཉམ་དུ་བྲོས་བྱོལ་དུ་སོང་ཡོད་འདུག ཟླ་འདིའི་ཚེས་༡༢ ཉིན་རྨ་ཆུ་རྫོང་དབལ་བཎ་ཤང་གི་ཤི་ལོག་འཛིན་བཟུང་གིས་རྨ་ཆུ་རྫོང་བཀག་ཉར་ཁང་དུ་ཡོད་པ་དང། དེ་བཞིན་ཉིན་དེར་དབལ་བཎ་ཤང་གསར་མ་དགོན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྣེ་རྣམས་དང༌། རྫོང་རིམ་པའི་འབྲེལ་ཡོད་མི་སྣས་འབོད་འགུགས་ཀྱིས་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་རྨ་ཆུ་རྫོང་ཁ་བྲལ་གྱི་ཟིང་ཆ་ལངས་ས་གཙོ་བོ་ཞིག་ཆགས་ཡོད་པ་དང༌། ལྷག་དོན་དབལ་པཎ་རུ་དགོན་ནང་རྒྱལ་ཁབ་ཁ་བྲལ་དང་འབྲེལ་བའི་ལས་འགུལ་མང་པོ་སྤེལ་ཡོད་པས། ངེས་པར་རྒོ་ཤུལ་བློ་བཟང་གཙོས་ཉེས་ཅན་གཏེ་བོ་མི་ལྔ་འཛིན་བཟུང་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བཏང་ཡོད་འདུག
ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ ཉིན་རྨ་ཆུ་རྫོང་གི་དགོན་པ་ཁག་ཏུ་དམག་དཔུང་གིས་གྲྭ་པ་རེར་དང་འབྲས་རས་ཁུག་གཅིག་དང་ལག་ཁུག་གཅིག ཕོ་བྲང་པོ་ཏཱ་ལའི་འདྲ་པར་ངོས་སུ་དམར་ཕྱོགས་ཚོགས་པའི་མཚོན་རྟགས་འཕྱར་བའི་དམག་དཔུང་ལ་གཟབ་འཕྱོར་སྤྲས་པའི་བོད་མི་འགས་དགའ་བསུ་ཞུ་བཞིན་ཡོད་པའི་པར་རིས་རེ་སྤྲད་ཡོད་འདུག་ཀྱང༌། དགོན་པའི་དོ་དོམ་ཨུ་ཡོན་ལྷན་ཁང་གི་ལས་སྣེ་དང་གྲྭ་པ་རྒན་པ་རེ་ཟུང་ལས་དགོན་པ་ཕལ་ཆེར་ལེན་དུ་སོང་མེད་འདུག
རྒྱ་གཞུང་གི་རྒྱང་བསྒྲགས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་དགོན་པ་དང་ཤང་ཁག་ཏུ་ཨ་རིའི་བརྙན་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ལ་ལྟ་ཉན་བྱེད་མི་ཆོག་པའི་བཙན་བཀའ་བཏང་སྟེ། སྒེར་གྱིས་ཉོས་པའི་ཨ་རིའི་བརྙན་འཕྲིན་གཏོང་འཐེན་ཡོ་ཆས་བསྡུ་ལེན་གྱིས་ཚབ་ཏུ་རྒྱ་ནག་ནང་ཁུལ་བརྙན་འཕྲིན་ཡོངས་ལ་ལྟ་ཐུབ་པའི་ཡོ་ཆས་༡༧༠ ལྷག་བཙུགས་ཡོད་འདུག །