ཀ་རྩོམ་ཐོལ་བྱུང་མ།
ཅ་ཅོ་འུར་ཟིང་ཚ་བའི་ཁྱི་ངན་དང༌༎
ཆ་མེད་རྒྱུས་གཏམ་བཤད་མཁན་མྱི་ངན་དག།
ཇ་རྒྱག་ཆང་རྒྱག་བྱེད་མཁན་ལས་མེད་སོགས༎
ཉ་དང་ཉུང་མ་མ་བསྟེན་དྲ་གྲོགས་ཚོ༎
ཏཱ་ཐ་གཱ་ཏའི་མདོ་སྔགས་བསྟན་པ་ནས༎
ཐ་སྙད་གཙུག་ལག་རིག་གནས་ཡན་ཆད་དང༌༎
ད་དུང་ཉམ་ཐག་བོད་ཀྱི་རྩ་དོན་ལ༎
ན་ཚའི་ཚོར་བ་སློངས་དང་དྲ་གྲོགས་ཚོ༎
པ་སངས་ལྟ་དཀར་ལྷག་བསམ་ཅན་དག་ལ༎
ཕ་བསད་དགྲ་ལྟར་འཛིན་པའི་ཅོལ་ཆུང་འགར༎
བ་ལང་ཇི་བཞིན་སྙིང་རྗེས་སྐྱོང་པ་ལས༎
མ་རབས་མཐོང་ཆུང་མ་གཏོང་དྲ་གྲོགས་ཚོ༎
ཙ་རི་སྐོར་བའི་སྙིང་སྟོབས་མེ་ལྟར་འབར༎
ཚ་གྲང་ཁྱད་བསད་བརྩོན་འགྲུས་མཚོ་ལྟར་འཕྱུར༎
ཛ་ཡའི་བསྟན་ལ་དད་པ་རི་ལྟར་བརྟན༎
ཝ་ལེར་གྲོགས་སུ་བསྟེན་དང་དྲ་གྲོགས་ཚོ༎
ཞྭ་མདོག་རེས་མེད་འཆང་བའི་ཆོས་ལུགས་དང༌༎
ཟ་བྱེད་སེང་དར་འཕྱར་བའི་སྲིད་གཞུང་ལ༎
འ་འུར་ཙམ་མིན་ལྷག་བསམ་རྣམ་དག་གིས༎
ཡ་ཡུག་གདོང་མཆོང་གནང་དང་དྲ་གྲོགས་ཚོ༎
ར་བ་གངས་ཅན་ཞིང་གི་རང་དབང་ཆེད༎
ལ་ལུང་གང་སར་ཡོད་པའི་བོད་རིགས་ཚོ༎
ཤ་ཁྲག་གཅིག་པའི་ལ་རྒྱ་དམ་འཛིན་སླད༎
ས་རྟགས་ཁྲག་གིས་བྲིས་དང་དྲ་གྲོགས་ཚོ༎
ཧ་ཅང་འཇོན་པའི་ནུས་པ་མེད་ན་ཡང༌༎
ཨ་མེས་ལ་རྒྱ་སེམས་གཏིང་ཉར་བྱས་ཏེ༎
ཧ་རེ་ཧོ་རེ་དུས་ཚོད་མི་བསྐྱལ་བར༎
ཨཱ་ཀི་ཀཱ་ལའི་རྩོམ་རེ་འབྲི་རོགས་གྱིས༎
སྤྱི་ལོ་ 2009 ཟླ་བ་ 4 ཚེས 16 ཞོགས་པ་ཆུ་ཚོད་ 6.42 ཐོག་དྷ་ས་རང་ཤག་ཏུ་བྲིས།