དུས་རབས་ཞབས་བྲོ།
ཀ་བ་གདུང་མ་མེད་པའི།།
ཁ་སྦྱོར་ཞབས་བྲོ་ཁང་དུ།།
ག་ཡིན་འདི་ཡིན་མེད་པར།།
ང་གཉིས་གྲོགས་པོ་ཆགས་སོང༌།།
ཅ་ཅོ་དེང་རབས་གཞས་ཚིག།
ཆ་ལུགས་ཧྥེ་ཤོན་སྤྱོད་པས།།
ཇ་མདོག་ཨ་རག་འཐུང་གིན།།
ཉ་འཁྱུག་སྒྲན་སེ་འཁྲབ་སོང༌།།
ཏ་ལའི་སྒྲ་སྙན་ཐོགས་པའི།།
ཐ་གྲུ་མི་སྣ་འཛོམས་ས།།
ད་ལྟའི་སྒྲན་སེ་ཁང་དུ།།
ན་གཞོན་འཚང་ཀ་ཤིག་ཤིག།
པ་ལོ་སིལ་ལུ་བྱས་པའི།།
ཕ་རོལ་ཡིད་ཀྱི་འཆིངས་བས།།
བ་སོའི་ཚེམས་མདངས་ངོམས་ནས།།
མ་སྡོད་ཕེབས་ཤོག་གསུངས་བྱུང༌།།
ཙ་ཀྲའི་དབྱིབས་ཀྱི་ལྡིང་ཆར།།
ཚ་གདུང་ངོ་ཚ་འབར་བཞིན།།
ཛ་རེ་ཛོ་རེའི་གོམ་སྟབས།།
ཝ་ལེར་མདུན་ལ་ཕྱོགས་སོང༌།།
ཞ་ཡིག་འཁྱུག་པའི་རྐང་བྲོ།།
ཟ་ཟིར་གླུ་དང་སྡེབ་སྟེ།།
འ་འུར་ལྡིང་ཆའི་སྟེང་དུ།།
ཡ་མེ་ཡོ་མེར་འཁྱོར་སོང༌།།
ར་བཟི་ཕོ་མོའི་གསེབ་ཏུ།།
ལ་ལུང་བརྒལ་འདྲའི་སྣང་བས།།
ཤ་རུས་གདོས་བཅས་ལུསབྱའདི།།
ས་ལ་རེངས་ནས་གཉིད་སོང༌།།
ཧ་ལའི་དུག་དང་འདྲེས་པའི།།
ཨ་རག་འཐུང་གིན་འཐུང་གིན།།
ཧ་ཅང་ཐལ་བའི་སྤྱོད་པས།།
ཨ་མེས་ལ་རྒྱ་བརླགས་སོང༌།།
1995,1,10 ཉིན་མོན་གྷོ་ནས་བྲིས།
