ཟིན་བྲིས་སུ་འཛུལ་ཞུགས་བྱེད་མཁན་རྣམས་ལ་འབོད་སྐུལ།
འདི་ག་བོད་ཀྱི་བང་ཆེན་གསར་ཁང་ནས་འབད་བརྩོན་གང་མང་བྱས་པ་བརྒྱུད་ད་ལྟའི་ཆར་རྒྱ་བོད་དབྱིན་གསུམ་གྱི་ཐོག་ནས་དྲ་རྒྱ་འདི་ནས་གསར་སྐྲུན་བྱེད་ཐུབ་ཙམ་བྱུང་བ་དང༌། བོད་ཀྱི་སྐད་ཡིག་ཡར་རྒྱས་དང༌། མང་གཙོ་དང་འདྲ་མཉམ་གྱི་གོ་རྟོགས་ཡར་རྒྱས་ཡོང་ཆེད་དུ་དམིགས་ནས་ཀློག་མཁན་རྣམས་ཀྱི་བསམ་ཚུལ་འབྲི་བ་དང༌། ཕན་ཚུན་བགྲོ་གླེང་བྱེད་ཡུལ་ཞིག་བསྐྲུན་པ་རེད། ད་ལྟའི་ཆར་སྐུ་མགྲོན་གང་མང་ཞིག་གིས་དང་བ་དང་འགན་ཁུར་ཆེན་པོས་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་གསུངས་བཞིན་པ་དང༌། ལན་འདེབས་བྱེད་པའི་སྐབས་ཀྱང་དོན་དངོས་གཙོ་བོར་བཟུང་ནས་བགྲོ་གླེང་གནང་བཞིན་པ་ནི་ཧ་ཅང་བསྔགས་འོས་ཀྱི་གནས་སྟངས་ཤིག་ཏུ་གྱུར་འདུག་ཀྱང༌། མི་ཉུང་བ་ཞིག་གིས་མིང་རྫུན་མ་རེའི་རྒྱབ་ཏུ་གབ་ནས་དུས་རྒྱུན་དཀྲོག་གཏམ་དང་དཀྲུགས་ཤིང་རྒྱག་རྒྱུ་ལས་མི་རིགས་དང་རིག་གནས་ལ་ཕན་པའི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་པའི་གནས་ཚུལ་ཡང་ཇི་སྙེད་ཅིག་ཡོང་བཞིན་འདུག འདི་ལྟར་མུ་མཐུད་དུ་སོང་ནས་དྷ་རམ་ས་ལའི་རྩིག་གྱང་ངོས་ཀྱི་ཡིག་འཁྱམས་དེ་དག་དྲ་རྒྱའི་ནང་དུ་སྤོས་པ་དང་ཁྱད་པར་གང་ཡང་མེད་པས་ང་ཚོའི་དགོས་དམིགས་ཀྱི་ཟུར་ཆ་ཙམ་ཡང་འགྲུབ་ཐབས་མི་འདུག་པས། ཟིན་བྲིས་དང་གླེང་སྟེགས་སུ་འཛུལ་ཞུགས་དང་དེབ་འགོད་བྱེད་སྐབས་འདི་ག་གསར་ཁང་དུ་ཐད་ཀར་འབྲེལ་བ་མ་བྱས་པར་འགོད་ཐབས་མེད་པ་ཞིག་བཟོ་དགོས་ཀྱང་བཟོ་ངེས་ཡིན།
ད་ལྟའི་ཆར་ཟིན་བྲིས་ཀྱི་ནང་དུ་འཛུལ་ཞུགས་བྱེད་པར་འདི་གར་འབྲེལ་བ་གང་ཡང་བྱེད་མི་དགོས་པར་ཐད་ཀར་རང་ངོས་ནས་འཛུལ་ཞུགས་ཆོག་པ་དེ། བོད་ནང་གི་ཀློག་མཁན་རྣམས་ཟིན་བྲིས་འདིར་འཛུལ་ཞུགས་གནང་བའི་སྐབས། འདི་གར་འབྲེལ་བ་གནང་རྒྱུར་སྟབས་མི་བདེ་བ་དང༌། ཁོང་ཚོས་དངོས་མིང་བཀོལ་ན་དཀའ་ངལ་འཕྲད་ངེས་པས་དེ་ལྟར་གུ་ཡངས་ཀྱི་རང་བཞིན་འདི་བསྐྲུན་པ་རེད། འོན་ཀྱང་ད་ལྟའི་ཆར་མང་པོ་ཞིག་གིས་གོ་སྐབས་འདི་བཟུང་ནས་མིང་རྫུན་མ་རེའི་འོག་ཏུ་གབ་ནས་འགན་ཁུར་གང་ཡང་མེད་པར་དཀྲོག་གཏམ་དང་དཀྲུགས་ཤིང་ཁོ་ན་སྤེལ་བཞིན་འདུག་པ་ནི་བློ་ཕམ་གྱི་རང་བཞིན་དང༌། འབོད་སྐུལ་ཞུ་རྒྱུར་དེ་རིང་ནས་བཟུང་ཟིན་བྲིས་སུ་ཞུགས་མཁན་རྣམས་ཀྱིས་དྲ་རྒྱ་འདིའི་ཆེ་མཐོང་དང་སྤྱི་ཚོགས་ཀྱི་འགན་ཁུར་ནས་དོན་མེད་ཀྱི་དཀྲུག་ཤིང་དང༌། གཞི་མེད་ཀྱི་སྐུར་འདེབས་འདི་རིགས་མཚམས་འཇོག་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་པས་དེ་ལུགས་དགོངས་བཞེས་ཡོང་བ་དང༌། ཅི་སྟེ་ད་དུང་འགྱུར་མ་བྱུང་ན་ཟིན་བྲིས་སུ་ཐོ་འགོད་དང་འཛུལ་ཞུགས་བྱེད་སྟངས་སོགས་ལའང་འགྱུར་བ་གཏོང་སྲིད་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་བཞིན་ཡོད།
ཅེས་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་2009 ཟླ་4 ཚེས་18 བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམས་བྱས་ནས་ལོ་དྲུག་ཧྲིལ་པོ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས་ཕུལ།