རྒྱ་ནག་གི་སློབ་མས་ཧྥ་རན་སིའི་སློབ་ཐོན་ལག་ཁྱེར་ཉོས་འདུག
ཉེན་རྟོག་པ་དང་ཤེས་རིག་བློན་ཆེན་གཉིས་ཀྱིས་ཞིབ་འཇུག་གི་སྙན་ཐོའི་ནང་དུ་འཁོད་དོན་ལ། རྒྱ་ནག་གི་སློབ་མ་ ༢༠༠ ཙམ་གྱིས་སློབ་ཐོན་ལག་ཁྱེར་ཉོས་ཡོད་པ་དང་ཁྲིམས་འགལ་གྱི་ལས་ཀ་འདི་ལོ་གྲངས་འགའི་སྔོན་ནས་འགོ་འཛུགས་བྱས་ཡོད་པས་མ་ཚད། གཙུག་ལག་སློབ་གྲྭ་གཞན་དག་འགའ་རེའི་ནང་དུའང་ཁྲིམས་འགལ་གྱི་ལས་ཀ་འདིའི་རིགས་ཡོད་པའི་དོགས་གཞི་འདུག་ཅེས་འཁོད་ཡོད་པརེད། ཡིན་ནའང་ད་ལྟའི་བར་ལག་སོན་བྱུང་བའི་ཁྲིམས་འགལ་བ་ཚོར་ཁྲིམས་ཆད་གཏན་འབེབས་ཁྱབ་བསྒྲགས་བྱས་མེད་པ་རེད།
ཧྥ་རན་སིའི་ཤེས་རིག་བློན་ཆེན་གྱིས། ཟླ་འདིའི་ཟླ་མཇུག་ནས་སློབ་ཐོན་ལག་ཁྱེར་ཉོ་ཚོང་བྱེད་མཁན་གྱི་འབྱུང་རྩ་དང་ཁྲིམས་ཆད་གང་ཡིན་གསལ་ཁ་བཟོ་རྒྱུ་དང། དམིགས་བསལ་གྱིས་ཊོ་ལུན་ཚོང་ལས་འཛིན་སྐྱོང་གཙུག་ལག་སློབ་གྲྭ་ཆེན་མོའི་ཕྱི་རྒྱལ་གྱི་སློབ་མ་ཚོར་སྟངས་འཛིན་ནན་པོ་བྱེད་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཧྤ་རན་སིའི་ཚགས་ཤོག་ལི་མན་དཱི་ཟེར་བའི་ནང་དུ། བདུན་འདིའི་ནང་སློབ་ཐོན་ལག་ཁྱེར་ཉོ་མཁན་ཚོས་ལག་ཁྱེར་གཅིག་ལ་ཡུ་སྒོར་ ༢༧༠༠ ཙམ་གྱིས་ཉོས་ཐུབ་ཀྱི་ཡོད་འདུག་ཅེས་དང༌། ཡང་རྒྱ་ནག་གི་སློབ་ཕྲུག་འགའ་རེས་སློབ་ཐོན་ལག་ཁྱེར་གྱི་བརྒྱ་ཆ་མཐོན་པོ་དང་གསང་བ་ཕྱིར་བསྒྲགས་མི་འགྲོ་བའི་ཆེད་དུ། ལག་ཁྱེར་གཅིག་ལ་ཡུ་སྒོར་ ༡༠༠༠༠༠ སྤྲོད་ཀྱི་ཡོད་པ་རེད་ཅེས་བརྗོད་ཡོད་པ་དང༌། དེ་བཞིན་ཊོ་ལུན་ཚོང་ལས་འཛིན་སྐྱོང་གཙུག་ལག་སློབ་གྲྭ་ཆེན་མོའི་ལས་བྱེད་རྒན་གྲས་ཚོས། ཁྲིམས་འགལ་གྱི་ལས་ཀ་འདི་ལ་དོ་སྣང་མ་བྱས་ནས་རིག་གཞུང་གཅེས་སྐྱོང་གི་མཚན་མཐོང་དང་དངུལ་གཉིས་བརྗེ་བསྒྱུར་བྱས་པ་དེ་ཧ་ཅང་ཡིད་ཕམ་དགོས་པ་ཞིག་རེད་ཅེས་འཁོད་ཡོད་པ་རེད།
སྤྱིའི་ཆ་ནས་རྒྱ་ནག་གི་སློབ་མ་ ༢༠༠༠༠ མ་ཟིན་ཙམ་ཧྤ་རན་སིའི་སློབ་གྲྭ་ཆེན་མོ་ཁག་ལ་ཡོང་གི་ཡོད་ཅིང༌། རྒྱ་ནག་གི་སློབ་མའི་གྲངས་ཚད་དེ་ཧྥ་རན་སི་ལ་ཕྱི་རྒྱལ་གྱི་སློབ་མའི་གྲངས་ཚད་ཨང་གསུམ་པར་སླེབས་ཀྱི་ཡོད་པ་དང༌། རྒྱ་ནག་ངོས་ནས་ཧྤ་རན་སི་ཚོང་ལས་ཀྱི་སློབ་སྦྱོང་བྱེད་ས་ཡག་ཤོས་ཤིག་ལ་བརྩི་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།